[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེ་དང་ལིའུ་ཡུང་ཕུའུ་ཡིས་གསུང་བཤད་གནང་བ། ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན། པི་མེ་ཅ་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-09

    423512_yis_1502168473059_s.jpg

    འདི་ནི་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    ཟླ་8ཚེས་7ཉིན། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། ལྷག་དོན་དུ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་དང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རྒྱལ་ཡོངས་ཀྱི་དབུལ་སྐྱོར་བོད་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གྱི་གོ་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ནུས་ཤུགས་འདོན་པ་བཅས་བྱས་ནས། 2020ལོར་སླེབས་སྐབས། རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ཞིང་ལས་པུའི་ཏང་ཙུའུ་ཡི་ཁོངས་མི་པི་མེ་ཅ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། པད་མ་དབང་འདུས། ཧྥང་ལིན་མིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་རྟོག་ཞིབ་དང་བརྟག་ཞིབ་ཐེངས་མང་གནང་ནས་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་འཚོགས་གནང་བ་དང་། དབུལ་སྐྱོར་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ། དགོངས་པ་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་ནང་དོན་ཕུན་སུམ་ཚོགས་པ་དང་། དགོངས་པ་གཏིང་ཟབ་པ། མ་ལག་འཐུང་སྒོ་ཚང་བ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་ཞིག་ཆགས་ཏེ་ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་སྟོབས་ཆེན་བསྣན་པ་བཅས་གནང་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི་དབུལ་སྐྱོར་གསར་སྤེལ་དང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་མཐའ་འཁྱོངས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས། “འདུ་ཤེས་བཞི”བརྟན་པོ་བཙུགས་པ་བཅས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཀྲུང་དབྱང་གིས་རང་ལྗོངས་སུ་གཏན་འཁེལ་གནང་བའི་རྣམ་གྲངས་མ་འཇོག་སྒོར་དུང་ཕྱུར་3305དེས་ས་ཁུལ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་བཏང་བའི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་གནང་བའི“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་མ་འཇོག་ས་ཁུལ་དབུལ་པོ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཙོ་གནད་ཐོག་གཏོང་རྒྱུ་མཐའ་འཁྱོངས་དང་། ཐོན་ཁུངས་བསྡུ་སྒྲིལ་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། གནད་སྨིན་ཇུས་འདོན་དང་གཅིག་སྡུད་འགག་སྒྲོལ་བཅས་བྱས་པས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཐེངས་དང་པོར་རྒྱལ་ཁ་ཐོབ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་ཀྱི་གྲས་ཤིག་ཏུ་སླེབས་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཡང་དག་མཛུབ་ཁྲིད་ལས་བྱུང་བ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བ་བཅས་ཡིན་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་ལས་འཕེལ་རྒྱས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེན་པོ་ཞིག་དང་། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་གཏོང་། ཕྱི་ནང་སྒོ་འབྱེད་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བའི་བཀོད་པ་ཆེན་པོ་ཞིག སྔོན་དུ་ཕྱུག་པོ་ཆགས་མཁན་གྱིས་དུད་ཚང་དབུལ་པོར་རོགས་རམ་བྱེད་པ་དང་མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་ཐབས་ཆེན་པོ་ཞིག་བཅས་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཆབ་སྲིད་ལ་སྣང་ཆེན་གྱིས་སྤྱི་ཡོངས་ལ་ལྟ་རྟོག་དང་ལེགས་སྐྱེས་ལ་སྣང་ཆེན་གྱིས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་སྐྱོར་ལས་བྱེད་པ་ཁག་རེ་རེས་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོ་སྐྱོང་བ་དང་རང་འགུལ་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་ས་གནས་འདི་གའི་མང་ཚོགས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་ས་གནས་འདི་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཁྱིམ་ཚང་ཁྲི་སྟོང་མང་པོས་ཤེས་སུ་བཅུག་པ། མང་ཚོགས་ཚང་མའི་སེམས་སུ་ཟུག་པ་བཅས་བྱས་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་བ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། ལྷོ་ནུབ་ཀྱི་མཐའ་སྲུང་བརྟན་དུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་སོགས་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གསོན་ཉམས་དོད་པའི་ངང་ལག་བསྟར་བྱས་པ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་མེད་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་མེད་དྲོ་སྐྱིད་གང་ལེགས་མངོན་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་བོད་ནི་རྒྱལ་ཡོངས་ནས་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན་པས། སྤྱི་ཡོངས་སྔར་བཞིན་ཤིན་ཏུ་དབུལ་པོ་ཡིན་པ་དང་དབུལ་པོའི་ནང་ནས་དབུལ་པོ་དང་། དཀའ་ངལ་ཆེ་བའི་ནང་ནས་དཀའ་ངལ་ཆེ་བ། འགག་གནད་ནང་ནས་འགག་གནད་བཅས་ཀྱི་གནས་ཚུལ་སྔར་བཞིན་ཚད་གཞི་མི་འདྲ་བར་གནས་ཡོད། དེར་བརྟེན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔར་རྒྱུན་བཞིན་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ང་ཚོར་དྭངས་གཙང་ནུས་རྒྱུ་དང་། སྣོད་བཅུད་ལྗང་མདོག རང་བྱུང་འཐུང་ཆུ། བོད་སྨན། ཡུལ་སྐོར། འཛུགས་སྐྲུན་རྒྱུ་ཆ། ཚོང་དོན་ཟོག་འགྲེམས། ནས་འདེབས་འཛུགས། འབྲི་གཡག་སྡོམ་གསོས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རོགས་བྱེད་པ་དང་། ལྷག་དོན་དུ་བོད་ལ་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཉིད་རྒྱལ་ཁབ་འཐབ་ཇུས་ཀྱི་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་རྒྱལ་ཁབ་ཀྱི་ངོས་ནས་སྤྱི་འདོམས་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། བོད་ཀྱི་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་བ་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཛུགས་པ། ཕྱིར་གཏོང་གི་དྭངས་གཙང་ནུས་རྒྱུ་ཚང་མ་བསྡུ་ཉར་བྱེད་པའི་རྒྱབ་སྐྱོར་གྱི་སྲིད་ཇུས་ཞིབ་བཟོ། དྭངས་གཙང་ནུས་རྒྱུ་ཕྱིར་གཏོང་ལམ་བུ་འཛུགས་སྐྲུན་མགྱོགས་པོ་བཅས་བྱེད་རོགས་བྱ་རྒྱུའི་རེ་བ་ཡོད་ལ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ཀྱི་དྭངས་གཙང་ནུས་རྒྱུ་བསྡུ་ཉར་ཧུར་ཐག་བྱ་རྒྱུ་དང་། ལས་ཞུགས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་རིགས་སློབ་གསོ་དང་ལེན་བྱེད་པར་ཉར་བ་དང་། བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ནང་བསྡུར་གྲངས་ངེས་ཅན་གཞིར་བཟུང་མང་ཚོགས་དབུལ་པོ་བསྡུ་བ་བཅས་བྱ་རྒྱུ། དབུལ་སྐྱོར་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཁ་གཏད་བོད་སྐྱོར་མ་དངུལ་གྱི་རྣམ་གྲངས་80%གཞི་རིམ་དུ་ཁ་ཕྱོགས་པ་དང་། མང་ཚོགས་དབུལ་པོར་ཁ་ཕྱོགས་པ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཁ་ཕྱོགས་པ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཁ་ཕྱོགས་པ་བཅས་བྱ་རྒྱུ། སྤྱི་ཚོགས་ཀྱི་བྱ་གཞག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་དབུལ་སྐྱོར་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་བཙུགས་ཏེ་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་དེ་བས་གནད་སྨིན་དང་དེ་བས་ཞིབ་ཚགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་། དཀའ་སྤྱད་འབད་འཐབ་དང་རང་ཁ་རང་གསོའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་པ་དང་ཉིན་རེའི་གྲོས་རིམ་ནང་བཅུག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམ་པ་རེ་རེ་བཞིན་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་། སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རོགས་སྐྱོར་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བོད་སྐྱོར་གྱི་དབུལ་སྐྱོར་ལས་བྱེད་པར་སྔར་བས་སེམས་ཁུར་བྱས་ཏེ་ཁོང་ཚོར་ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་སྔར་བས་མཐའ་འཁྱོངས་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་པོར་འགྱུར་རྐྱེན་གནད་འཁེལ་འཚོལ་བ་དང་། དབུལ་སྒྲོལ་ཚད་གཞི་ལུགས་མཐུན་ངང་བཟོ་བ། ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པ། གཞི་རིམ་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་རྒྱུ་རེད། དབུལ་སྐྱོར་དེ་ཉིད་བློ་སྟོབས་རོགས་སྐྱོར་དང་རིག་སྟོབས་རོགས་སྐྱོར་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་དབུལ་པོའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་བ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་དེང་གི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    ལིའུ་ཡུང་ཧྥུའུ་ཡིས་གཅིག་ནས་ངོས་འཛིན་གཅིག་གྱུར་བྱས་ཏེ་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བོད་ཀྱི་དབུལ་སྒྲོལ་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བོད་ཀྱི་བྱེད་པོའི་འགན་འཁྲི་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་གལ་ཆེན་ནང་གི་འགངས་ཆེར་འཛིན་ནས་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་པ་དང་།

    གཉིས་ནས་ཚད་གཞི་མཐའ་འཁྱོངས་བྱས་ཏེ་གནད་སྨིན་ལ་སེམས་ནུས་འདོན་དགོས་ཤིང་། ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་ཚད་གཞི་དམའ་རུ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ཐད་གནད་སྨིན་ཡོང་བར་དམིགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་རྒྱུར་གནད་སྨིན་ཤུགས་འདོན་བྱས་ཏེ་ས་ཁོངས་འཕེལ་རྒྱས་ཀྱི་མིང་ཐོག་ནས་གནད་སྨིན་དབུལ་སྐྱོར་གྱི་ཚབ་བྱེད་པ་དང་ཁུ་བསྡུའི“ཆུ་ཆེན་ལེབ་གཏོང”གཏན་ནས་བྱེད་མི་རུང་།

    གསུམ་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་དགོས་ཤིང་། བོད་ཀྱི་དབུལ་པོར་ཕྱོགས་བསྡུས་རང་བཞིན་དང་རྙོག་འཛིང་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད་པས་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་བསྒྲུབ་པར་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བོད་ཀྱི་གནས་སྤོས་དབུལ་སྐྱོར་དང་ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པ་གནས་སྤོས་ལས་དོན་དང་། སྐྱོན་བྲལ་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་བཅས་ལ་ནུས་ཤུགས་བཏོན་ནས་ས་ཁུལ་དབུལ་པོའི་ནང་གནས་སྒུལ་ཤུགས་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས།

    བཞི་ནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་འགག་སྒྲོལ་བྱེད་དགོས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཏེ་ཐོན་ཁུངས་ཁག་སྤྱི་འདོམས་ངང་ཡག་པོ་སྤྱོད་པ་དང་། སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། དངུལ་རྩའི་འདྲེན་སྐུལ་དང་ཁེ་ལས་ལ་ཁྲིད་སྟོན་བྱེད་པ་སོགས་ཁྲོམ་རའི་བྱེད་པོ་དེའི་ནང་ཞུགས་པ་བཅས་བྱས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་དགོས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྒྲིག་འཛུགས་དང་སྐུལ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤར་རྒྱུད་ས་ཁུལ་གྱི་དམངས་གཉེར་ཁེ་ལས་དང་བོད་ཀྱི་གྲོང་ཚོ་དབུལ་པོའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

    ལྔ་ནས་དཔྱད་ཞིབ་ནན་པོ་བྱས་ཏེ་ཕན་འབྲས་འགན་ལེན་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་ཉིད་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་ལ་དཔྱད་ཞིབ་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཇུས་གཞིར་སྐུལ་འདེད་གཏོང་བ་དང་ལས་ཀ་བྱེད་མི་བྱེད་དང་བྱེད་མང་ཉུང་གཅིག་པ་ཡིན་པ་གཏན་འགོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།