[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་གོང་དཀར་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གོང་དཀར་རྫོང་དུ་ཕེབས་ནས་ལྷོ་ཁ་གྲོང་ཁྱེར་གྱི་གཙང་བྱང་ཁུལ་གསར་གྱི་འཆར་འགོད་ལ་སྐུལ་འདེད་གཏོང་ཚུལ་དང་། ཡར་ཀླུང་གཙང་པོའི་ཆུའི་སྣོད་བཅུད་བཅོས་སྐྱོང་བྱ་ཚུལ། ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱ་ཚུལ་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་གཅིག་གྱུར་འཆར་འགོད་ངང་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་དཔལ་འབྱོར་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་རྒྱལ་མཚན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གཙང་བྱང་ཁུལ་གསར་གྱི་འཆར་འགོད་སྐུལ་འདེད་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་རྗེས། ཏིང་ཡེ་ཤན་གྱིས་གཙང་བྱང་ཁུལ་གསར་འཆར་འགོད་འཛུགས་སྐྲུན་བྱེད་པར་ལེགས་ལྡན་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། ཐོན་སྐྱེད་བཅས་བྱས་ནས་ཕན་འབྲས་གཅིག་སྡུད་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཏེ་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་པ་དང་ལྗོངས་ཡོངས་དང་ལྷག་པར་དུ་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་དང་། ཁོང་གིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འཐབ་ཇུས་ཀྱི་དགོངས་པ་དང་། ལོ་རྒྱུས་ཀྱི་དགོངས་པ། རྩོད་སྒྲུབ་ཀྱི་དགོངས་པ། གསར་གཏོད་ཀྱི་དགོངས་པ། མཐའ་ཚད་ཀྱི་དགོངས་པ་བཅས་མཐའ་འཁྱོངས་བྱས་ཏེ། སྔར་བས་རྒྱ་ཆེ་བའི་མཐོང་རྒྱ་དང་། སྔར་བས་རིང་བའི་མིག་རྒྱང་། སྔར་བས་ཕྱོགས་ཡོངས་ཀྱི་མཐོང་ཚོར་བཅས་ལ་བརྟེན་ནས་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་ལེགས་ཆ་འདོན་སྤེལ་དང་། ཁྲོམ་རའི་འདུ་ཤེས་མཉམ་འདྲེས། སྲིད་ཇུས་བེད་སྤྱོད། འཆར་འགོད་ལག་བསྟར་སོགས་ཀྱི་ཐད་དམ་འཛིན་ལྷོད་མེད་བྱས་ནས་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འཆར་འགོད་དེ་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་སོགས་དང་ཟུང་འབྲེལ་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་མྱུར་ཚད་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་པོའི་ངང་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་པ། འབྲེལ་ཡོད་སྡེ་ཚན་དང་གནས་ཚུལ་འབྲེལ་གཏུག་དང་། སྦྲེལ་མཐུད། མཐུན་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་ཏེ་ལས་ཀའི་ལམ་སྲོལ་སྔར་བས་མཐུན་སྦྱོར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ངེས་གནས་གཏན་འཁེལ་བྱེད་པ། སྲིད་ཇུས་ཞིབ་འཇུག་ཡག་པོ་བྱེད་པ། ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་བཅས་བྱས་ནས་ལས་དོན་ཁག་སྔར་བས་ལེགས་པར་སྒྲུབ་རྒྱུར་ནུས་ཤུགས་མཉམ་འདོན་གྱིས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ས་ཁོངས་ཤིག་རེད། ལོ་མང་རིང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་ཤུར་ནས་ཟངས་རི་བར་གྱི་གཙང་པོ་བྱེ་འདམ་གྱིས་ཁེངས་པ་དང་། ཆུ་ཆུང་བའི་དུས་ཚིགས་སུ་གཙང་པོ་ནས་གཞི་ཁྱོན་ཆེ་བའི་བྱེ་ཐང་མངོན་པ། རླུང་འཚུབ་དྲག་པོ་ལྡང་སྐབས་བྱེ་རྡུལ་གང་སར་ཁྱབ་པ། ཡར་ཀླུང་གཙང་པོའི་བྱང་ངོས་སུ་གཞི་རྒྱ་ཆེ་བའི་བྱེ་ཐང་ཆགས་ནས་གཙང་འགྲམ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད་པས། གཙང་པོ་བཅོས་སྐྱོང་དང་། ཆུ་འགོའི་ལས་གྲྭ་དང་། ནགས་བཟོ། འདམ་རའི་སྤྱི་གླིང་བཅས་འཛུགས་སྐྲུན་བྱས་ནས་སྣོད་བཅུད་སྲུང་ཡོལ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཏིང་ཡེ་ཤན་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་ཤུར་ནས་ཟངས་རི་བར་གྱི་སྣོད་བཅུད་སྲུང་ཡོལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲུང་སྐྱོང་བྱེད་ཞོར་དུ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་ཞོར་དུ་སྲུང་སྐྱོང་བྱེད་པ། རིགས་པས་ཁུངས་སྐྱེལ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། སྦྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་པ། འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ། ས་ཆུ་སྲུང་འཛིན་གྱི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྣོད་བཅུད་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་ཆེ་རུ་གཏོང་གང་ཐུབ་ཅི་ཐུབ་བྱས་ཏེ་སྣོད་བཅུད་སྲུང་ཡོལ་ཡག་པོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།