[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བོད་དུ་འཚོགས་པ།

    མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-11

    451141_yis_1510284389274.jpg

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་9ཉིན་གྱི་ཕྱི་དྲོ་ལྷ་སར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་9ཉིན་གྱི་ཕྱི་དྲོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་།  ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཙེང་དབན་མིང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 

    སྙན་ཞུའི་ཚོགས་འདུའི་ཐོག་མུའུ་ཧུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང“ཕྱོགས་ལྔ་གཞི་གཅིག”གི་འཐབ་ཇུས་བཀོད་ཇུས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་ཕྱོགས་བརྒྱད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཆ་ཚང་བ་དང་། ཕྱོགས་ཡོངས། གཏིང་ཟབ་བཅས་ཀྱི་འགྲེལ་བཤད་གནང་བ་རེད།

    མུའུ་ཧུང་གིས་སྒྲོག་འགྲེལ་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འབད་འབུངས་ལྷོད་མེད་བྱེད་པ་བཅས་རེད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་སྒམ་ནན་གྱིས་གསལ་སྟོན་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་ཆེད་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིར་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས་པར་སྐུལ་ལྕག་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་རེད། 

    མུའུ་ཧུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དུས་རབས་དང་ཕྱོགས་ཡོངས་ཀྱི་མཐོ་ཚད་ཐོག་གཞི་ཚུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ལ་དམིགས་ཏེ། སྒམ་བརླིང་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསྟན་གནང་བ་མ་ཟད། དགོངས་པ་དེ་རང་རེའི་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ནས་ཏང་གི་མཛུབ་ཁྲིད་བསམ་བློར་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་5ཡིན་པས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལའང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། འཕོ་འགྱུར་དེ་དག་འགྱུར་ལྡོག་ཆེ་བ་དང་། ཁྱབ་ཁོངས་ཡངས་པ། ཕན་འབྲས་མངོན་གསལ་དོད་པ། ཤུགས་རྐྱེན་ཟབ་མོ་ལྡན་པས། ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཁྲོད་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་རེད། 

    མུའུ་ཧུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་བཏོན་ཡོད། དུས་རབས་གསར་པར་འགོ་འཛུགས་ས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལྡན་པ་མཚོན་གྱི་ཡོད། ཏང་ཡོངས་ཀྱིས་འཐབ་ཇུས་བསམ་བློའི་ནུས་པ་ཆེ་རུ་གཏོང་བ་དང་། ལས་ཀའི་རྩ་དོན་རང་བཞིན་དང་། ཆ་ཚང་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་བླང་བྱ་གཞིར་བཟུང་ཏང་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་བཟོ་བ། འཕེལ་རྒྱས་འཐབ་ཇུས་དང་སྲིད་ཇུས་ཁག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོ“མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར”བསྒྱུར་པ་དང་དེར་འགྲེལ་བཤད་བརྒྱབ་ཡོད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོའི་འགྲེལ་བཤད་གསར་པ་དང་དེ་སྔའི་འགྲེལ་བཤད་དབར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། རྒྱུན་མཐུད་རང་བཞིན་ཡང་རྒྱུན་འཁྱོངས་བྱས་ཡོད། “དངོས་པོ་དང་རིག་གནས་ཀྱི་དགོས་མཁོ”ནས“མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི”བར་དང“རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད”ཀྱི་གནད་དོན་ཐག་གཅོད་ནས“དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས”ཀྱི་གནད་དོན་ཐག་གཅོད་བར་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་བླང་བྱ་མཚོན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གཙོ་བོའང་མཚོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུའི་འཕེལ་རིམ་དུས་མཚམས་གཉིས་སུ་ཕྱེ་ནས་བཀོད་སྒྲིག་བྱས་པ་དང་འཐབ་ཇུས་བཀོད་སྒྲིག་དེ་ནི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་རང་རེའི་ཏང་གིས་རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད། ད་དུང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམངས་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྐུལ་སློང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    མུའུ་ཧུང་གིས་བསྟན་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། མི་དམངས་ཀྱིས་རླབས་ཆེན་འཐབ་རྩོད་བྱེད་པ་དང་། རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ཏང་གིས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་ལ་ངོས་འཛིན་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་དུས་རབས་གསར་པའི་འོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་གནད་ལས་འགན་ཁོང་དུ་ཆུད་དེ་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་ཏང་དེ་བས་སྟོབས་དང་ལྡན་པར་འཛུགས་སྐྱོང་བྱེད་དགོས། 

    ཝུའུ་དབྱིང་ཅེས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། བློ་མཐུན་མུའུ་ཧུང་ཆེད་མངགས་བོད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བར་ཕེབས་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་ཀྱི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་ལུགས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་བཅས་གང་ལེགས་མཚོན་གྱི་ཡོད། ཟུར་ཁྲིད་སྙན་ཞུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གོ་རིམ་ལྡན་ལ་ཆ་ཚང་བ། དོན་སྙིང་ཟབ་ཅིང་གོ་བདེ་བ། གཙོ་གནད་འབུར་དུ་ཐོན་པ། ཆབ་སྲིད་ཀྱི་མཐོ་ཚད་ལྡན་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ཡོད་པ། གོང་རིམ་གྱི་དགོངས་པ་དང་མཐུན་ལ་མང་ཚོགས་དང་འབྲེལ་འདྲིས་ཀྱང་ཐུབ་པས། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་པའི་ལྡེ་མིག་ཅིག་རེད་ལ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་དེ་བས་ཆ་ཚང་བ་དང་། དེ་བས་གོ་རིམ་དང་ལྡན་པ། དེ་བས་ཡང་དག་པ། དེ་བས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གོ་བ་ཡང་ལེན་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་ངེས་པར་དུ་བརྩིས་ནས་བློ་མཐུན་མུའུ་ཧུང་གི་ཟུར་ཁྲིད་སྙན་ཞུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་འགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་ཀྱིས་སློབ་སྦྱོང་ཡག་པོ་གཏིང་ཟབ་དང་། དྲིལ་བསྒྲགས་ཡག་པོ་རྒྱ་ཁྱབ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བོད་དུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་གྲུབ་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས། 

    གཅིག་ནས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་ལ་བརྩི་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེ་ཤོས་ལ་བརྩིས་ནས“འདུ་ཤེས་བཞི”རང་རྟོགས་ངང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། 

    གཉིས་ནས་དགོངས་དོན་གྱི་ངོ་བོར་གོ་བ་བླངས་ཏེ་དོན་དམ་པ་ཁོང་དུ་ཆུད་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་རྐང་འདིར་དམ་པོར་དམིགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་རྟོག་ཞིབ་ཐེངས་གཉིས་པ་དང་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ལྗོན་ཤིང་འཛུགས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཡང་དག་མཐའ་འཁྱོངས་དང་། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་གནས་ལུགས་ལ་གོ་བ་ལེན་པ་བཅས་མཐའ་འཁྱོངས། བློ་རྩེ་བསྒྲིམས་ནས་སྦྱོང་བ་དང་། བརྒྱུད་རིམ་ལྡན་པའི་ངང་སྦྱོང་བ། གཏིང་ཟབ་སྦྱོང་བ་བཅས་ཀྱི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཉིང་བཅུད་དང་སྲོག་ཤིང་གི་སྙིང་པོ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་། གོ་བ་མཐར་ཕྱིན་པ་ལོན་པ། མཐའ་གསལ་མཐིལ་རྟོགས་བྱས་ཏེ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་ཐོག་འཁྱོལ་བ་བྱེད་དགོས། 

    གསུམ་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཤུགས་ཆེན་བྱེད་དགོས་ཤིང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་། ཞིབ་ཅིང་ཕྲ་བའི་གྲངས་གཞི། གསོན་ཉམས་དོད་པའི་དཔེ་མཚོན། ཕུན་སུམ་ཚོགས་ལ་སྣ་མང་གི་བྱ་ཐབས་བཅས་སྤྱད་དེ་དྲིལ་བསྒྲགས་རྒྱ་ཁྱབ་དང་སྒྲོག་འགྲེལ་གཏིང་ཟབ་བྱེད་དགོས་པ་དང་། ཁེ་ལས་དང་། ཞིང་འབྲོག་ཁུལ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དགོན་སྡེ། དམག་སྒར། དྲ་རྒྱ་བཅས་སུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་སུ་ཟུག་པར་བྱེད་དགོས། འདས་ཟིན་པའི་ལོ་ལྔའི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་དང་། ཏང་གི་གཙོ་འཛིན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ནས་ལས་བྱེད་མང་ཚོགས་ཚོར་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ལ་དེ་བས་བརྩི་བཀུར་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་དེ་བས་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་དེ་བས་བརྩི་བཀུར་བཅས་བྱ་རྒྱུའི་ཁྲིད་སྟོན་གནང་བ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་ཤོད་དགོས། 

    བཞི་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལྟར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་སྤྱིའི་དམིགས་ཚད་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་གཞི་འཛིན་ས་དང་ཤུགས་རྒྱག་ས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གཞི་ཚུགས་ས་དང་དོན་ལ་འབབ་ས་བཅས་ལ་བརྩིས་ནས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་གཞིགས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་འཐབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་གྱི་བོད་ཀྱི་ལེའུ་ཞིག་ཡག་པོ་བརྩམས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པར་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།