[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-11

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན། འཆར་འགོད་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་ལྷོད་མེད་བྱས་ནས་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད། 

    ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་འགོད་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས། 

    ཆེ་དགྲ་ལྷས་ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་ཏང་གི་དགོངས་ཚུལ་དང་། མི་དམངས་ཀྱི་བསམ་འདུན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཟུང་འབྲེལ་དམ་ཟབ་བྱས་ཡོད་པས་དུས་རབས་རང་བཞིན་དང་འཐབ་ཇུས་རང་བཞིན་ཆེན་པོ་ལྡན་ཡོད། ངས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”ཟབ་ཏུ་བཏང་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད། 

    ཆེ་དགྲ་ལྷས་2017ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་གཅིག་སྡུད་དམ་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བཅས་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་། རང་སྟོབས་རང་སྤེལ། དཀའ་སྒྲུབ་དང་། ནན་སྒྲུབ། ཐབས་སྒྲུབ་བཅས་བྱས་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་གཞན་སྒྱུར་ཐུབ་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པས་དམངས་ལ་ཕན་པ་མགྱོགས་མྱུར་ཐོབ་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བཅས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། ལོ་གསར་པ་འདིའི་ནང་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱས་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གཙོ་གནད་ཐོག་ཡག་པོ་རྒྱག་པ། འདུ་འགོད་ཆེན་པོ་བཅུ་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་ཚོར་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་ཡོང་བར་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་ཞེས་གསུངས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།