[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-09

    ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དཔུང་གི་རིན་དོད་ཡོད་པའི་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པ་བྱེད་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་ཏང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩིས་ནས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བའི“དཔེ་བཟང་ལས་ཁུངས”སུ་འཛུགས་སྐྱོང་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ལ་འགན་ཁུར་ཏེ་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་གཏོང་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཕུགས་བསམ་དད་སེམས་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་བརྒྱབ་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། གནས་གཅེས་ལས་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་འདོན་པ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུའི་ཐད་མིག་དཔེ་འདོན་པ།

    ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུར་མིག་དཔེ་འདོན་པ་བཅས་བྱེད་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལས་བྱེད་པ་དང་མང་ཚོགས་འགྲམ་གྱི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས། “བརྟན་པོ་འཛུགས་པ་གསུམ”མཐའ་འཁྱོངས་ཀྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཏང་ནན་པོས་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་བྱེད་པ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཐོག་ཏང་འཛུགས་སྐྱོང་དང་བྱ་གཞག་ཁག་གི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཚོགས་ཏེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་དང་། དུས་མཚུངས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོས་ཞིབ་གནང་བ་དང་། ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་བརྟག་ཞིབ་གནང་རིང་གི་ཞིབ་ཕྲའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ“བརྟན་པོའི་ཁྲོད་འགྱུར་ལྡོག་ཡོད་པའི”བླང་བྱ་གསར་པར་གཞིར་བཟུང་རང་ལྗོངས་ཀྱི“བརྟན་ཐོག་ཡར་བརྩོན་དང་། བརྟན་ཐོག་ལེགས་བརྩོན། ཞན་ཆ་གསབ་པ”བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམ་པོར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། ཡིད་ཆེས་སྔར་བས་བརྟན་པོ་དང་སྙིང་སྟོབས་འཕེལ་བར་བྱས་ནས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པའི་ལས་དོན་ཁག་ལ་དམ་འཛིན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་མུ་མཐུད་གནད་སྨིན་ཐད་ཤུགས་བརྒྱབ་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་ལྟོགས་དུས་ཟས་དང་འཁྱགས་དུས་གོས་སྐྱེལ་བའི་ལས་ཀ་མང་ཙམ་སྒྲུབ་པ་ལས་ཡང་རྩེའི་སྒང་ལ་ཡས་སྒྲོན་མི་རྒྱག་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པ་དང་། གཉིས་ནས་མཐོ་སློབ་སློབ་ཐོན་སློབ་མ་གཙོ་གནད་དུ་བྱས་པའི་ལས་ཞུགས་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ཏེ་གཟིགས་སྐྱོང་དེ་བས་ཆེ་བའི་སྲིད་ཇུས་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ། གསུམ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་འབྲེལ་ཡོད་རྣམ་གྲངས་དང་སྲིད་ཇུས་གང་མགྱོགས་དོན་འཁྱོལ་ཡོང་བར་ལྕག་སྐུལ་བྱེད་དགོས་པ། བཞི་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམ་པོར་དམིགས་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གོམ་སྟབས་གཅིག་མཚུངས་ངང་གོང་མཐོར་འགྲོ་བའི་འགན་ལེན་བྱེད་དགོས་པ། ལྔ་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་སོགས་ཐད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཕན་ཡོད་ནུས་པ་འདོན་སྤེལ་བྱས་ཏེ་གཏོང་ཆ་གཏོང་ཤུགས་ཆེ་རུ་དང་ཞིང་འབྲོག་ལས་ཀྱི་ལག་རྩལ་ས་ཚིགས་དང་ཚན་རྩལ་མི་སྣ་གཞི་རིམ་དུ་སྐྱོད་པ་སོགས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཚན་རྩལ་གསར་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ལྟེ་བའི་ལག་རྩལ་གསར་གཏོད་ནུས་པ་ཆེ་རུ་ཧུར་ཐག་བཏང་ཐོག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཚོགས་འདུའི་ཐོག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཡག་པོ་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཏང་ཕྱིའི་མི་སྣས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི་དམག་དཔུང་གི་རིན་དོད་ཡོད་པའི་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཕྱོགས་སྡོམ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དཔུང་གི་རིན་དོད་ཡོད་པའི་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་དམག་དཔུང་གི་རིན་དོད་ཡོད་པའི་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པར་སྐུལ་འདེད་གཏོང་ཆེད་ང་ཚོར་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། རང་སྐྱོང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་བཅས་བྱས་ཏེ་བོད་ཀྱི་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་། ཁྲིམས་བཞིན་འདུམ་སྒྲིག་བྱེད་པ། སྔོན་སླ་རྗེས་དཀའ་དང་རིམ་བཞིན་སྐུལ་འདེད་གཏོང་བ། ལས་དོན་ཁག་ཏན་ཏིག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ད་བར་ལས་ཞུགས་ཀྱི་ལས་དོན་དང་། ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ལས་དོན་དོན་འཁྱོལ་ཏན་ཏིག་བྱས་པ། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་རང་བརྟེན་ལས་འདེམས་བྱས་པས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་གདེང་ཚོད་ཡོད་པའི་སྒོ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྤེལ་དགོས་པ་སྟེ། གཅིག་ནས་ལེགས་ཁྲོད་ལེགས་འདེམས་དང་ཆེད་ལས་དང་མཐུན་པ་མཐའ་འཁྱོངས་ཀྱིས་ས་ཆ་དེ་གའི་དོན་དངོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གཞུང་ཞབས་པའི་རྒྱུགས་སྤྲོད་བསྡུ་ལེན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱིས་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཁྲོམ་ར་བརྒྱུད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ལྗོངས་ཕྱི་ནང་གི་ཁེ་ལས་སུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་ཐུབ་པ་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་དཔུང་སྡེར་གཞོགས་འདེགས་བྱས་ནས་དམག་མི་བསྡུ་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དམག་དཔུང་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་དགོས་པ། བཞི་ནས་གཏན་འཁེལ་ཟིན་པའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལས་གཏོད་གསར་གཏོད་བྱེད་པའི་ཡིད་དབང་འགུགས་དགོས་པ། ལྔ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བས་གཞི་རིམ་ལ་གཞི་ཚུགས་པ་དང་། རང་བདག་ལས་གཏོད། ཕ་ཡུལ་ལ་དྲིན་འཇལ་བཅས་བྱ་རྒྱུར་རྒྱབ་སྐྱོར་དང་མངགས་སྐུལ་བྱེད་དགོས་པ། དྲུག་ནས་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་གཉིས་གཏོད་ལས་དོན་ཐད་ཁོར་ཡུག་བཟང་པོ་སྐྲུན་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག ད་དུང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ལྗོངས་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ་དང་ལས་ཀར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཆུ་མ་ཤོར་གོང་རགས་རྒྱག་པའི་རྩ་དོན་ལ་བརྟེན་ནས་ལས་དོན་སྤེལ་བ་དང་། དོན་ཆེན་མ་ཐོན་སྔོན་འགོག་གི་རྨང་གཞི་འདིང་རྒྱུར་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་ལས་འགན་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། དམངས་འཚོའི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ལས་དོན་ཡག་པོ་སྤེལ་ནས་ཁུག་ཆ་མི་ལུས་པའི་འགན་ལེན་བཅས་བྱེད་དགོས་པ་དང་། “ཁྲིད་སྟོན”བྱེད་པའི་ཐད་ཤུགས་བརྒྱབ་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་དང་ཡུལ་སྐོར་བར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ཏེ་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས་པ། ཁྲིམས་ལྟར་ཡ་རབས་ལྡན་པའི་ལས་སྒྲུབ་མཐའ་འཁྱོངས་ཀྱིས་འཛུམ་མདངས་ལ་བརྟེན་ནས་བསམ་ཤེས་ཐུབ་པ་དང་ཞབས་ཞུར་བརྟེན་ནས་ཡིད་ཆེས་ཐོབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ། བདེ་འཇགས་ཐད་དོན་ཆུང་མེད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པ། མི་ཚོགས་ཁག་དབྱེ་བ་ཕྱེ་ནས་ལྟ་སྐུལ་ལ་ཤུགས་སྣོན་དང་ཁྲིད་སྟོན་ཏན་ཏིག་བྱས་ཏེ་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་འཕྱུགས་མེད་ཐུབ་པའི་འགན་ལེན་བྱེད་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་སྒོ་དབྱེ་དང་། བསྟུན་མཁས། མཛའ་གྲོགས་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཡག་པོ་བསྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།