[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    ཟླ་9ཚེས་28ནས་30ཉིན་བར“ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར”གཙོ་བོར་དམིགས་ནས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འཐབ་ས་དང་པོར་བརྟག་ཞིབ་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་རེད།

    རྫོང་གྲོང་དང་བར་ཐག་སྤྱི་ལེ་160ཙམ་ཆོད་པའི་ངམ་རིང་རྫོང་རྟ་རོག་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5156ཟིན་གྱི་ཡོད། ཆེ་དགྲ་ལྷ་ཤ་ལ་གྲོང་ཚོའི་གྲོང་མི་བསོད་རྡོར་དང་ཀརྨ་ངག་དབང་ཁྱིམ་དུ་ཕེབས་ཏེ། ཁྱིམ་ཚང་གི་ཡོང་འབབ་དང་ཕྲུ་གུ་སློབ་གྲྭར་སྐྱོད་ཚུལ་དང་སྨན་པ་བསྟེན་ཚུལ་དང་དེ་བཞིན་བདེ་འཇགས་འཐུང་ཆུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཀརྨ་ངག་དབང་གིས་ངའི་ཁྱིམ་ནས་ཤང་བར་སྤྱི་ལེ་40ལྷག་ཡོད་པས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་རྒྱུར་སྟབས་བདེ་པོ་མི་འདུག་ཅེས་བཤད་པར་ཆེ་དགྲ་ལྷས་མྱོང་ཚོར་ཟབ་མོའི་ངང་སློབ་གསོ་དེ་བོད་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། མི་འབོར་གྱི་གཞི་ཁྱོན་འོས་འཚམ་གཅིག་སྡུད་ཡོང་བར་ངེས་པར་དུ་སྐུལ་མ་གཏོང་བ་དང་། སློབ་གསོའི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཕྲུ་གུ་སྔར་བས་མང་བར་སྤུས་ཚད་སྔར་ལས་ཡག་པའི་སློབ་གསོ་ཐོབ་པ་བྱེད་དགོས་ཞེས་གསུངས། ཤང་འཕྲོད་བསྟེན་ཁང་དུ་ཕེབས་སྐབས། ཆེ་དགྲ་ལྷས་སྨན་ཁང་དུ་བསྡད་པའི་སྦྲུམ་མ་ཚོར་གཟིགས་པ་དང་འབྲེལ་གཞི་རིམ་གྱི་སྨན་དོན་ལས་དོན་པ་དང་སྤེལ་རེས་ཟབ་མོ་གནང་ཞིང་། ཁོང་གིས་སྦྲུམ་མ་སྨན་ཁང་དུ་སྡོད་པ་དང་། “གཅོག་པ་གཉིས་དང་མཐོར་གཏོང་གཅིག” ས་མཐོའི་ཡུལ་ནད་ཕྱོགས་བསྡུས་འགོག་བཅོས་སོགས་ཀྱི་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་ནས་མི་དམངས་མང་ཚོགས་དང་ཡང་སྒོས་སུ་ཉིན་བཞིན་ཆེ་རུ་འགྲོ་བའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་སྔར་བས་བསྐངས་ནས་མིའི་ཆ་སྙོམས་ཀྱི་ཚེ་ཚད་རིང་དུ་བཏང་སྟེ“བདེ་ཐང་གི་བོད་ལྗོངས”བསྐྲུན་རྒྱུར་སྐུལ་མ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

     ད་དུང་ཆེ་དགྲ་ལྷས་མཚན་མོ་རྟ་རོག་ཤང་གི་ལས་བྱེད་པ་དང་མང་ཚོགས་དང་བསམ་ཚུལ་སྤེལ་རེས་གནང་བ་རེད། ཡུལ་མི་ཚོས་སེམས་གཏིང་གི་སྐད་ཆ་ཤོད་པ་དང་། མྱོང་ཚོར་གླེང་བ། བརྩེ་བ་བརྗོད་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་ལུགས་དང་བརྩེ་བ་ཟབ་མོ་འཆང་ལུགས་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་ཆེས་དང་ཆོད་སེམས་ཆེན་པོ་འཆང་ལུགས་མཚོན་པར་བྱས་པ་རེད།

    ཆེ་དགྲ་ལྷ་ངམ་རིང་རྫོང་དང་། བཞད་མཐོང་སྨོན་རྫོང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་བཅས་ཀྱི་དྲོད་ཁང་ཆེ་མོ་དང་། འཁོར་ཁང་། ཞིང་ནང་། སྡེ་ཁུལ་བཅས་ལ་ཕེབས་ནས་ཚང་མ་དང་འཕེལ་རྒྱས་གཏོང་བའི་ཐད་བཀའ་མོལ་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁྲོམ་ར་སྟོན་ཕྱོགས་སུ་བྱས་ཏེ་གླིང་ཁུལ་དཔལ་འབྱོར་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚན་རིག་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན་བཅས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ཡོང་འབབ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་གྱི་སྙན་སེང་གསན་རྗེས། ཆེ་དགྲ་ལྷས་བློ་བརྟན་འགྱུར་མེད་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཁུར་བ་དང་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བློ་ལ་བརྟན་པོ་བཙུགས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སྤྱི་འདོམས་འཆར་འགོད། ཚན་རིག་དང་མཐུན་པའི་འཆར་འགོད་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་། ཞིབ་ཕྲ། གཏིང་ཟབ་བཅས་ཡོང་བ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ནས་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་དགོས་པ་དང་། ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་དངོས་འབྲེལ་ཞུགས་སུ་བཅུག་སྟེ་ལས་ཞུགས་བརྟན་པོ་དང་ཡོང་འབབ་བརྟན་པོ་ཡོང་བ་དང་མི་རིགས་ཁག་གི་མི་དམངས་བློ་བདེ་པོ་དང་བློ་ཡིད་ཚིམ་པོ་ཡོང་བ་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དགའ་གཅེས་ལ་དྲིན་ལན་འཇལ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།