[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-05

    ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་དམངས་གཉེར་འཐབ་ཇུས་དང་གསར་དར་ཐོན་ལས་ཀྱི་དཀའ་སེལ་ཐེབས་རྩ་འཛུགས་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་བཟོ་རྒྱུ། དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་སོགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་དང་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དེར་ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཡག་པོ་ཏན་ཏིག་སྒྲུབ་པ། གཞི་རྩའི་དཔུང་ཁག་དང་། གཞི་རྩའི་བྱེད་པོ། གཞི་རྩའི་གཡུལ་ས། གཞི་རྩའི་ལམ་ལུགས། གཞི་རྩའི་འགན་ལེན་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུར་སྐུལ་འདེད་གཏོང་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་གྱིས་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ《སྲོལ་ཡིག》གི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། 《སྲོལ་ཡིག》གི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་བཏང་བའི་ལས་ཀའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་ནན་ཏན་བྱེད་པར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ་བཟོ་བ། སྒྲིག་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་གཙོ་གནད་དུ་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དམ་འཛིན་བྱ་གཞིར་བྱེད་པ། སློབ་སྦྱོང་གི་རྣམ་པ་དང་། ཞབས་འདེགས་ཀྱི་རྣམ་པ། གསར་གཏོད་ཀྱི་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ཀྱི་འཇོན་ཐང་དང་ཆབ་སྲིད་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། “ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱས་ནས་གདོང་ལེན་དཔེ་བཟང་བྱེད་པའི”བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པར་དམིགས་ནས་གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཧྲུའུ་ཅི་དང་པོ་དང་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པར་སློབ་གསོ་ཁྲིད་སྟོན། མེས་རྒྱལ་གོང་བུ་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་ཀྱིས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་བསྟར་ལས་དོན་གྱི་སྒྲིག་སྲོལ》ནང་ཏང་གིས་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རིམ་ཁག་ཏང་ཨུད་ལ“ལྟ་སྐུལ་གཉིས”ཀྱི་འགན་འཁྲི་སྒྲུབ་པར་དེ་བས་ལེགས་པའི་སྒོ་ནས་ལྟ་སྐུལ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་ལ་བླང་བྱ་གསར་པ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པར་བྱས་ཐོག《སྒྲིག་སྲོལ》ལག་བསྟར་དོན་འཁྱོལ་ལ་སྒྲིག་འཛུགས་ནན་ཏན་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་གྱི་རང་ངོས་འཆུན་འདོམས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྒྲིག་སྲོལ་དང་བཅའ་ཁྲིམས་གཞིར་བཟུང་དེ་བས་ལེགས་པའི་སྒོ་ནས་རང་འགན་གཙང་སྒྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བརྟན་འཛུགས་གསུམ”བྱེད་ཐུབ་པ་དང་། རང་ངོས་འཆུན་འདོམས་ལ་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་དང་བཅའ་ཁྲིམས་གཞིར་བཟུང་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་སྲིད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་སྐབས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་ལ་དགོངས་ལན་ཟབ་མོ་བསྐྱོན་ནས་ལྷག་བསམ་རྣམ་དག་དང་གཞུང་དྲང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རྩ་འཛུགས་སྡེ་ཚན་གྱིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ཐོག་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལྷག་བསམ་རྣམ་དག་དང་གཞུང་དྲང་འགན་འཁུར་གྱི་བྱང་ཚད་མཐོའི་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་པའི་བྱ་སྤྱོད་དངོས་ཀྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་དགོས། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས“ཡིན་མིན་ལྔ”ལས་བྱེད་པའི་དཔྱད་བསྡུར་གྱི་ཚད་གཞི་གཙོ་བོར་བརྩི་དགོས། གཞུང་དྲང་ངང་མི་སྤྱོད་མཐའ་འཁྱོངས་བྱས་ཏེ་རྩ་དོན་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ། འགན་འཁྲི་འཁུར་ཕོད་པ། གཞུང་དྲང་སྒེར་སེམས་མེད་པ། དྲང་སྙོམས་ངང་ལས་བྱེད་པར་ལྟ་སྟངས་འཛིན་པ་དང་བེད་སྤྱོད་བྱེད་དགོས། བྱ་གཞག་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ཏེ་ལས་ཀར་བརྟེན་ནས་མི་འདེམས་པ་དང་མི་འདེམས་མི་སྤྱོད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། འགན་འཁུར་ཕོད་པ་དང་། བྱས་རྗེས་འཇོག་མཁས་པ། བྱས་རྗེས་མངོན་གསལ་དོད་པ། འགག་རྩའི་དུས་སུ་གདོང་མཆོང་ཕོད་པ། རྒྱལ་ཁ་ལེན་ཐུབ་པ། ལས་ཀ་ཡག་པོ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་འདེམས་བསྐོ་ཤུགས་ཆེན་བྱེད་པ། ལས་གནས་དང་འཚམ་པའི་མི་སྣ་བཀོད་སྒྲིག་བྱས་ནས་ལས་བྱེད་པ་སློབ་བརྩོན་བྱེད་རིང་ལྷག་བསམ་རྣམ་དག་ལ་ཞུན་བརྡར་ཡོང་བ་དང་། དངོས་སྒྲུབ་བྱེད་རིང་འགན་འཁྲི་མངོན་པ། ནན་པོ་བྱེད་རིང་དྭངས་གཙང་ནམ་ཡང་མངོན་པ་བཅས་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པས་འགན་འཁུར་བའི་ངང་བྱ་བ་བསྒྲུབ་རྒྱུར་ལྕག་སྐུལ་བྱེད་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་བར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”དག་ཐེར་བྱས་ཏེ་རྩོམ་སྲོལ་དང་ཚོགས་སྲོལ་སྔར་བས་སྒྱུར་བ་དང་ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་ཞིབ་བྱེད་སྟངས་བསྒྱུར་ནས་ཏང་ཡོན་ལས་བྱེད་པ་ཆོ་མེད་ལས་རྙོག་ཁྲོད་ནས་ཐར་ཐུབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། འགོ་ཁྲིད་ལས་བྱེད་པས་རྩ་ཆེན་ཡུལ་ཟོག་རིགས་ཀྱི་དམིགས་བསལ་ཐོན་ཁུངས་སྤྱད་དེ་སྒེར་དོན་སྒྲུབ་པའི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ། “འགག་རྩ་ཉུང་ཤས”ལ་དམ་འཛིན། སྐོར་གཟིགས་སྐོར་བཤེར་ལ་ཤུགས་སྣོན། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀ་དང་སློབ་སྦྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཕྱོགས་གཉིས་ཀར་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་ཡོང་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དུས་རབས་ཀྱི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་གྱི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་ཐིག་འདིར་དམ་འཛིན་ནན་པོ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ལ་དམིགས་པ། ཚོགས་སྤྱི་མི་འདྲ་བར་དམིགས་པ་དང་། བྱ་ཐབས་མི་འདྲ་བ་སྤྱོད་པ། བསླབ་གཞི་མི་འདྲ་བ་རྩོམ་སྒྲིག་བྱེད་པ་བཅས་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་བྱེད་ཤེས་པ་དང་། དད་སེམས་འཆང་ཤེས་པ། འགན་འཁྲི་འཁུར་ཤེས་པ། འཇོན་ཐང་ཆེ་རུ་གཏོང་ཤེས་པ། ལས་འགན་སྒྲུབ་ཤེས་པ། ཧུར་སེམས་བྱེད་ཤེས་པ། སྤྱོད་གཙང་བྱེད་ཤེས་པ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་རྒྱ་ཆེའི་དགེ་སློབ་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། རྒྱུན་འཁྱོངས་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ“མོས་སེམས་ལྔ”དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པའི་བསམ་བློ་མི་རིགས་ཁག་གི་སློབ་མའི་ཁྲག་རྒྱུན་དུ་མཉམ་འདྲེས་ཐུབ་པར་བྱེད་དགོས། དགེ་རྒན་གྱི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རྒྱ་ཆེའི་དགེ་སློབ་ལ་བརྩེ་སེམས་དང་འགན་འཁྲི་འཆང་བཞིན་དུ་བོད་ཀྱི་སློབ་གསོའི་བྱ་གཞག་ལ་སེམས་ནུས་ཡོད་རྒུ་འདོན་དགོས་པའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས་པ། སྒྲིག་སྲོལ་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་གྱི་ཤེས་ལྡན་པའི་དཔུང་ཁག་བཀོད་སྒྲིག་ལུགས་མཐུན་ལ་སྐུལ་འདེད་བཏང་སྟེ་བྱེད་ཐབས་ནུས་ལྡན་སྤྱད་ནས་དགེ་རྒན་དེ་བས་མང་བ་དཀའ་ཚེགས་ཆེ་བའི་མཐའ་མཚམས་རྒྱང་རིང་ཁུལ་དུ་ལས་སྒྲུབ་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། དམངས་གཉེར་འཐབ་ཇུས་ཀྱི་གསར་དར་ཐོན་ལས་ཀྱི་དཀའ་སེལ་ཐེབས་རྩ་འཛུགས་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་འབྲེལ་ཡོད་ཐད་ཀྱིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དམངས་གཉེར་འཐབ་ཇུས་ཀྱི་གསར་དར་ཐོན་ལས་ཀྱི་དཀའ་སེལ་ཐེབས་རྩར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཁག་གཅིག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་མ་དངུལ་མཉམ་བསྡུའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མ་དངུལ་མཉམ་བསྡུའི་མ་གནས་དམའ་རུ་བཏང་སྟེ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུ་དཀའ་བ་དང་མ་དངུལ་མཉམ་བསྡུའི་རིན་ཐང་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་བཙུགས་ཏེ་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་པོ་དང་འཕེལ་རྒྱས་ཆེན་པོར་སྐུལ་འདེད་དང་ལས་ཞུགས་སྔར་བས་རྒྱ་ཆེར་བཏང་ནས་དམངས་འཚོ་ལེགས་གཏོང་དང་དམངས་སེམས་གཅིག་སྡུད་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་མཐའ་འཁྱོངས། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་ཁྲིམས་འཛུགས་ལ་གཟབ་ནན་བབ་བརླིང་ངང་སྐུལ་འདེད་བཏང་སྟེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཁྲིམས་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ཁོངས་གཏོགས་ཀྱི་མི་སྣ་ཏང་གི་མཐའ་འཁོར་དུ་ཚད་གཞི་མཐོ་པོས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང་། སྣོད་བཅུད་སྲུང་སྐྱོང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་སོགས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་རིང་ཁོང་ཚོའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཐོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་སྔར་བས་གཅིག་སྡུད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།