[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།

    ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་སྒྲོན་དང་རང་སྐྱོང་ལྗོངས་ཀྱི་2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།

    འཐུས་མི་ཚོས་ངོས་འཛིན་གནང་དོན། ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་གྱིས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་དངོས་ཐོག་བདེན་འཚོལ་དང་། ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པ། བདེན་པ་བདེན་ཐུབ་དང་ཞིབ་ཕྲ་བཅས་ཀྱི་སྒོ་ནས་ཕྱིར་མིག་བལྟས་པ་དང་2019ལོའི་ལས་དོན་བཀོད་སྒྲིག་གི་བརྗོད་དོན་མངོན་གསལ་དོད་པ་དང་། བསམ་ཕྱོགས་ཁ་གསལ་བ། ལས་འགན་ཁ་གསལ། བྱེད་ཐབས་ནུས་ལྡན་བཅས་བྱུང་ཡོད། སྙན་སྒྲོན་གྱི་སྒོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གང་ལེགས་མཚོན་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་ལྟར“མཐའ་འཁྱོངས་ལྔ”ལག་བསྟར་བྱས་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་རྩ་བའི་བྱེད་ཐབས་སུ་བརྩིས་ནས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་པ་དང་། “འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཧུར་ཐག་གཏོང་བ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་གཅིག་སྡུད་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོ་རྒྱུར་སྐུལ་འདེད་བཏང་བ་དེ་ཐོག་ནས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གང་ལེགས་མངོན་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་བྱ་རྒྱུར་ལྕག་སྐུལ་ཐེབས་པའི་སྙན་སྒྲོན་ཞིག་རེད། འཐུས་མི་ཚོས་ཡོངས་སུ་མོས་མཐུན་ཡོད་ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    འཐུས་མི་ཚོས་ངོས་འཛིན་གནང་དོན། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག  བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། རང་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་སེལ་བའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་བཅས་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་གོ་སྐབས་གལ་ཆེན་དང་ཕན་ཡོད་ཆ་རྐྱེན་རབ་དང་རིམ་པ་འཕྲད་ཡོད། ལོ་གསར་པའི་ནང་ངེས་པར་དུ་དམངས་འཚོ་མངོན་གསལ་དོད་པོས་འགན་ལེན་དང་ལེགས་སུ་གཏོང་བ་དང་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།