[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

    བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཧུར་ཐག་གིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཚེས་8ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་། འདི་ལོའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་ཚོགས་འདུའི་ཐོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཧུར་ཐག་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྒྲུབ་དགོས་ངེས་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལོ་འཁོར་མོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་འཆར་འགོད་དང་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་ལས་འགན་དང་བྱེད་ཐབས་ཁག་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་སུ་རྩ་བ་ཚུགས་པ་དང་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གཙོ་སྐྱོང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ་སྟེ། གཅིག་ནས་ཉེན་ཁའི་འདུ་ཤེས་དེ་བས་མཐོ་རུ་གཏོང་དགོས། མ་བྱུང་སྔོན་འགོག་གི་རྩ་དོན་ལྟར་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཆེན་པོ་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་བལྟ་བ་བཅས་བྱས་ཏེ་དུས་བབ་ཀྱི་ཛ་དྲག་རང་བཞིན་ཚོད་དཔག་གང་ལེགས་བྱེད་པ་དང་རིགས་ཁག་གི་འགལ་ཟླ་དུས་ཐོག་ཏུ་བསལ་ནས་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་པ་དང་། ཉེན་ཁ་ཚབས་ཆེན་འགོག་པ། དོན་རྐྱེན་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཀྱི་གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང་། གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་དེ་བས་བརྟན་པོ་འདིང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་རྩ་འཛུགས་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གཞི་རིམ་ལས་དོན་ཧུར་ཐག་སྤེལ་ནས་ཏང་གི་སྲིད་སྐྱོང་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ། གསུམ་ནས་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འགོག་མཉམ་འགུལ་དང་མཉམ་དུ་ཚོད་འཛིན་བྱེད་པའི་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་འོག་སྔར་ཡོད་ཀྱི་གྲུབ་འབྲས་ཐོབ་པའི་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས་ལ། དུས་རབས་གསར་པ་དང་ཧུར་ཐག་བསྟུན་ནས་བསམ་བློ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་དུས་བབ་ཀྱི་དགོས་མཁོ་དང་འཚམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དེ་བས་དོན་འཁྱོལ་བྱེད་དགོས། རིམ་ཁག་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་གནས་བབ་ཨང་དང་པོར་བཞག་ནས་འགན་འཁྲིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ལྷག་པར་དུ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་ངེས་པར་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་དར་ཆ་གསལ་སྟོན་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཁ་ཕྲལ་གྱི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། ལྔ་ནས་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་དེ་བས་ནན་དུ་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ཁག་དམ་ནན་དང་འགན་འཁྲི་བདའ་འདེད་ནན་པོ་བྱས་ཏེ“དད་སེམས་ཐད་ཉམས་སད་ཐེག་ཐུབ་པ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ། འགན་འཁྲིའི་ཐད་ཉམས་སད་ཐེག་ཐུབ་པ། ནུས་པའི་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ”བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག ཏན་ཏིག་ནུས་ལྡན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་ཡོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།