[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)2019ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

    ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-12

    ཚེས་9ཉིན་གྱི་དགོང་མོ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)2019ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་བསྟན་གནང་དོན། གཅིག་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་གཏིང་ཟབ་དང་། ཞིབ་ཚགས། ཕྱོགས་སྒྱུར། བརྟན་གཏོང་བཅས་ཐད་ཤུགས་བརྒྱབ་ནས་དགོངས་དོན་གྱི་བརྗོད་བྱའི་སྙིང་པོ་ཁོང་དུ་ཆུད་པ་དང་། དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱེད་པ་དང་ཤེས་བྱ་དང་། ཆ་འཕྲིན། བྱ་སྤྱོད་བཅས་ནས་ཚན་རིག་བློ་རིག་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱས་ནས་དུས་རབས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། བསམ་གཞིག་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ལ་གོ་རིམ་ལྡན་པའི་ཕྱོགས་སྡོམ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་ལ་གོ་རིམ་ལྡན་པའི་བཙོ་སྦྱང་། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཆོས་ཉིད་ལ་གོ་རིམ་ལྡན་པའི་གསལ་འགྲེལ་བཅས་འདུས་ཡོད་པར་ངོས་འཛིན་གང་ལེགས་ཐུབ་པ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་བསམ་བློ་དང་། ལས་དོན། སྤྱོད་ཚུལ་འཛུགས་སྐྱོང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་ལེན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱེད་དགོས།

    གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་བོད་ཀྱི་འཚོ་གནས་ཆ་རྐྱེན་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས། མི་རིགས་ཀྱི་གྲུབ་ཆ་དང་ཆོས་ལུགས་ལས་དོན་གྱི་དམིགས་བསལ་རང་བཞིན་བཅས་ལ་གཞི་ཚུགས་ནས་བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ལ“ཁ་གཏད་ཧུར་ཐག་གཅོག་པ”ནས“རང་འགུལ་ངང་བཅོས་སྐྱོང་བྱེད་པའི”བར་དང་། “འཕྲལ་བཅོས་གཙོ་བོར་བྱེད་པ”ནས“རྩ་ལག་མཉམ་བཅོས”བར། “དོ་དམ་གཙོ་བོར་བྱེད་པ”ནས“དོ་དམ་དང་བཅོས་སྐྱོང་ཟུང་འབྲེལ་བྱེད་པའི”བར། “སྲིད་འཛིན་བྱ་ཐབས”ནས“ཁྲིམས་བཞིན་བཅོས་སྐྱོང”བར། “མིས་འགོག་གཙོ་བོར་བྱེད་པ”ནས“མི་དང་རྩལ་ནུས་མཉམ་འགུལ”བར། “ཆེད་དོན་བཅོས་སྐྱོང”ནས“གོ་རིམ་ལྡན་པའི་བཅོས་སྐྱོང”བར། བརྟན་ལྷིང་ཐད“གཞན་སྐུལ”ནས“རང་འགུལ”བར་བཅས་ལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    གསུམ་ནས་འགན་ཁུར་ཕོད་པ་བྱེད་དགོས་ཤིང་། སྔ་ཕྱི་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རང་རྟོགས་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་སྤྱོད། རང་འགན་གཙང་སྒྲུབ་ཀྱི་ལས་འགན་ཁུར་སེམས་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་བཅས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་ཡིན་མིན་ཞིབ་དཔྱད་བྱས་ཏེ་དད་སེམས་བརྟན་པོ་ཡོང་བ་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་འཇིགས་བཀུར་གྱི་བསམ་པ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ནན་པོ་དང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག འཚོ་བའི་སྤྱོད་ཚུལ་ཡག་པོ་བཅས་ཀྱི་འགན་ལེན་བྱས་ཏེ་སྤྱོད་ཚུལ་ཡག་པོ་ཡོང་བ་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།