[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-15

    641819_yis_1563078747016.jpg

    ཟླ་7ཚེས་12དང་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་ཕེབས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། མཐའ་དར་དམངས་ཕྱུག དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་འཐབ་ས་དང་པོའི་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོར་རྒྱལ་དར་གནང་སྟེ་མཐའ་སྲུང་མཐའ་བརྟན་གྱི་གཟི་བརྗིད་ལྡན་པའི་ལས་འགན་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་གནང་བ།

    བརྟག་དཔྱད་ཞིབ་འཇུག་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཡིན་ལ“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་ལྟར། ཟླ་7ཚེས་12དང་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་ཕེབས་ནས་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་འཐབ་ས་དང་པོའི་དཔོན་དམག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། མཐའ་དར་དམངས་ཕྱུག དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་སོགས་ཀྱི་ལས་དོན་ཐད་མང་ཚོགས་ཀྱི་ཁྱིམ་ཚང་དུ་བསྐྱོད་ནས་གཞི་རིམ་གྱི་ལས་བྱེད་པ་དང་དཔོན་དམག་དང་སྤེལ་རེས་གནང་བ་དང་། དམངས་ཀྱི་འདོད་བློ་གསན་པ། དམངས་ཀྱི་གནས་ཚུལ་མཁྱེན་རྟོགས་བཅས་གནང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་དཔོན་དམག་གིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་བ་རེད།

    བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་རླངས་འཁོར་ལ་ཆུ་ཚོད་7ཙམ་བཞུགས་ཏེ་རྫ་ཡུལ་རྫོང་གི་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་ཕེབས་ཤིང་། མཐའ་མཚམས་གྲོང་རྡལ་ཆུང་ངུ་དེར་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་གཟིགས་སྐབས། ཝུའུ་དབྱིང་ཅེར་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས་ཁ་ཏིས་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཀྲེང་ཏིའི་ཁྱིམ་དུ་མགྲོན་པོར་ཕེབས་ནས་གླེང་མོལ་གནང་བ། ཤག་གཉིས་གྲོང་ཚོའི་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞིར་ཕེབས་ཏེ་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་བ། འགོ་ཡུལ་ཤང་དུ་ཕེབས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    གཙང་ཞིང་རྒྱ་ཆེ་བ་དང་སྒྲིག་ཆས་ཆ་ཚང་བའི་ཁ་ཏིས་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་དུ་གྲོང་མི་ཉི་མ་བཀྲ་ཤིས་དང་། རྒྱ་མཚོ། པད་མ་ནོར་བུ། ཀུན་དགའ། ཚེ་བརྟན་བཅས་ཀྱིས་ཝུའུ་དབྱིང་ཅེར་བསྐོར་ནས། གྲོང་ཚོའི་ཡུལ་མི་ཚོ་དེ་སྔ་ཚ་བ་རོང་ཤང་རྒྱལ་མོ་རྔུལ་ཆུ་གྲོག་རོང་གི་རི་འདེབས་སུ་སྡོད་ཀྱི་ཡོད་པས་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་དང་ཕྱུག་འགྱུར་གྱི་ཐབས་ལམ་ལ་ཡང་ཚད་བཀག་ཆེན་པོ་ཡོད། ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ནས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་ཡོད་ཅེས་བཤད།

    ཝུའུ་དབྱིང་ཅེས་གྲོང་ཚོའི་མང་ཚོགས་ལ་དཀའ་སྤྱད་འབད་བརྩོན་དང་རང་མགོ་རང་ཐོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་དགོས་པའི་སྐུལ་ལྕག་གནང་བ་རེད། རིམ་ཁག་སྡེ་ཚན་ཁག་གིས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ་དང་མང་ཚོགས་ཀྱི་ཁེ་ཕན་གོང་བཀུར་མཐའ་འཁྱོངས་ཀྱིས་ས་གཤིས་ཀྱི་གནོད་འཚེ་མང་བ་དང་ཐོན་སྐྱེད་ཀྱི་ཐོན་ཁུངས་ཧ་ཅང་དཀོན་པ་སོགས“ཡུལ་ཕྱོགས་གཅིག་གིས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ས་ཁུལ་གྱི་མང་ཚོགས་སྤོས་ནས་ཁོ་ཚོའི་དབུལ་པོའི་རྩྭ་བ་དྲུངས་ནས་བྱིན་པ་དང་། དབུལ་ཁྱིམ་ནས་སྤོ་བ། འཚོ་བར་རེ་འདུན་དང་རེ་བ་ཡོད་པ་བཅས་བྱེད་དགོས་པ་དང་། དབུལ་སྐྱོར་གནས་སྤོས་གྲོང་རྡལ་དུ་གཅིག་སྡུད་བྱེད་པ་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མང་ཚོགས་དེ་བས་ལེགས་པའི་སྒོ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་དམིགས་པ་དང་གནས་སྤོས་ས་ཚིགས་ལ་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས་གནས་སྤོས་མང་ཚོགས་རྣམས་གཞུང་ལམ་དང་ཐག་ཉེ་བ་དང་ཐོན་ཁུངས་འབེལ་བ་སོགས་ཀྱི་ལེགས་པར་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་དགོས་པ། མང་ཚོགས་ཀྱི་སྣེ་ཡག་པོ་ཁྲིད་དེ་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་སྲ་བརྟན་མཐོར་གཏོང་ཐད་གཞོལ་བ་དང་། ཁྱད་ལྡན་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་བཏང་ནས་མང་ཚོགས་རང་ས་རང་ཡུལ་ནས་འབྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱེད་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་སྡེ་ཚན་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མང་ཚོགས་གཉེན་ཉེར་རྩི་བ་དང་གྲོང་མིའི་དོན་དག་རང་ཁྱིམ་གྱི་ལས་ལ་རྩི་བ་དང་། གཞི་རིམ་ལ་གཞི་ཚུགས་པ་དང་གཞི་རིམ་ལ་ལེགས་སྐྱེས་འབུལ་བ། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཚོར(གྲོང་ལྷན)ས་གནས་དེ་གར་འཚམ་པའི་ཐོན་ལས་འཕེལ་རྒྱས་གཏོང་རོགས་བཅས་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཤག་གཉིས་གྲོང་ཚོར་ཝུའུ་དབྱིང་ཅེས་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བ་དང་། སྤྲེལ་ཁམ་གྱི་སྐྱེ་ཚུལ་བཟང་བ་གཟིགས་པ་དང་ཉེ་འཁོར་མང་ཚོགས་ལ་ཉིན་ལྟར་འདི་ནས་གླ་ཆ་སྒོར་200ཙམ་རག་གི་ཡོད་པ་མཁྱེན་སྐབས། ཁོང་གིས་རྟེན་གཞི་དེའི་འགན་འཁུར་བ་ཀྲེང་ཐེན་ཁྲེང་དང་ཀའོ་ཡུང་ཞུས་བཟའ་མིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་རྫ་ཡུལ་དུ་ལས་གཏོད་དང་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་བྱས་པའི་ཁར་མི་རིགས་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་སྟངས་ལ་ཁས་ལེན་གནང་ཞིང་། ནང་སའི་འདེབས་གསོའི་དུད་ཆེན་དང་འདེབས་གསོའི་ཁེ་ལས་དེ་བཞིན་ལག་རྩལ་སྣེ་གཅིག་ཡོད་པའི་མང་ཚོགས་དེ་བས་མང་བ་རྫ་ཡུལ་དུ་ལས་གཏོད་ལས་དར་བྱེད་པར་ཡོང་ནས་མི་རིགས་ཁག་གི་མང་ཚོགས་འབྲེལ་འདྲིས་སྔར་བས་གཏིང་ཟབ་བྱེད་དགོས་པའི་ཐུགས་རེ་གནང་བ་དང་། ཡུལ་དེ་གའི་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་མ་འཇོག་གི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་རོགས་སྐྱོར་བྱས་ཏེ་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྐུལ་ཁྲིད་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་ད་དུང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་དཔོན་དམག་ཚོར་གཟིགས་ཤིང་། ཁོང་གིས་རྒྱ་ཆེའི་མཐའ་སྲུང་དཔོན་དམག་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཡུན་རིང་བཏང་སྟེ་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེ་མོ་བསྐྱངས་པ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་སྲུང་གིས་འགག་སྒོར་ལེགས་སྐྱེས་ཕུལ་བ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ཆེ་ལ་བླ་ན་མེད་པའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་དང་། མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་འགན་ལེན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྐུལ་འདེད། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཁམས་བདེ་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་དང་། མཐའ་མཚམས་དཔོན་དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བྱ་སྤྱོད་མཐའ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་པ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་ཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་བའི་ཟངས་གྱང་ལྕགས་རྩིག་ཅིག་ཏན་ཏིག་བསྐྲུན་ནས་མེས་རྒྱལ་དང་མི་དམངས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྲུང་དམག་ཅིག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་དང་དེ་བཞིན་བོད་སྡོད་དཔུང་སྡེས་དམག་དམངས་མཉམ་འདྲེས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རྒྱུ་ཚང་བ་དང་། ཁྱབ་ཁོངས་མང་བ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་རྣམ་པ་ཞིག་གང་མགྱོགས་ཆགས་པ་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་བླང་བྱ་བཏོན་གནང་དོན། རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ནན་པོ་དང་། དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཅས་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་ཡིན་པ་མཚོན་པར་བྱེད་དགོས་པ། གཞི་རིམ་འཇོན་ཐང་ངོམ་སའི་གར་སྟེགས་ཆེན་པོ་ཞིག་ཏུ་བརྩིས་ཏེ་གཞི་ཚུགས་པ་དང་། མང་ཚོགས་དང་འབྲེལ་འདྲིས། ལེགས་ཆ་འདོན་སྤེལ་བཅས་བྱེད་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཏང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཚོར་བ་བཅས་བྱས་ཏེ་མང་ཚོགས་ཚོས་ཏང་གི་ལས་བྱེད་པ་མཐོང་བ་དང་ཏང་གི་གསུང་སྒྲ་ཐོས་པར་བྱེད་དགོས་པ། བཀའ་བཟང་གསོས་སུ་སྨིན་པར་བྱས་ཏེ་ཉེ་འགྲམ་གྱི་མི་དང་བྱ་བར་བརྟེན་ནས་མང་ཚོགས་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་དང་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དགོན་སྡོད་ལས་དོན་རུ་ཁག་གིས་སློབ་སྦྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་བཏང་ནས་དྲང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་སེམས་ནུས་གཅིག་སྒྲིལ་དང་། གྲོགས་པོ་མང་པོ་སྒྲིག་པ། ཉམས་མྱོང་ལ་ཕྱོགས་སྡོམ་དང་ལས་དོན་སྒྲུབ་ཐབས་གསར་གཏོད་མཐའ་འཁྱོངས། མང་ཚོགས་དང་གྲྭ་བཙུན་ལ་སློབ་གསོ་ཁྲིད་སྟོན་དང་ཞབས་ཞུ་དོ་དམ་ལས་དོན་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཝུའུ་དབྱིང་ཅེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བོད་དུ་བརྗིད་ཆགས་ཉམས་དགའ་བའི་རང་བྱུང་མཛེས་ལྗོངས་ལ་རོལ་བར་ཡོང་བ་དང་འོད་སྟོང་རབ་ཏུ་འཕྲོ་བའི་ལོ་རྒྱུས་རིག་གནས་ཤེས་རྟོགས་བྱེད་པར་ཡོང་བར་དགའ་བསུ་ཟོལ་མེད་ཞུ་གི་ཡིན་ཞེས་གསུངས་པ་མ་ཟད། ཡུལ་སྐོར་བ་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། བོད་ནས་ལོག་རྗེས་མཛེས་སྡུག་ལྡན་པའི་བོད་ལྗོངས་གཉེན་ཉེ་དང་གྲོགས་པོ་དེ་བས་མང་བར་ངོ་སྤྲོད་བྱས་ཏེ་གྲོགས་པོ་དེ་བས་མང་བ་བོད་དུ་ཡུལ་སྐོར་ལ་ཡོང་བའི་སྐུལ་ཁྲིད་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་ཡུལ་དེའི་ཏང་ཨུད་སྲིད་གཞུང་གིས་མཐུན་རྐྱེན་ཧུར་ཐག་བསྐྲུན་ནས་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད། ཡུལ་དེ་གའི་མང་ཚོགས་ཚོས་ཏང་གི་སྲིད་ཇུས་བཟང་པོ་གང་ལེགས་སྤྱོད་པ་དང་ཡུལ་དེ་གའི་ཡུལ་སྐོར་ཐོན་ཁུངས་འབེལ་བའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་རང་མགོ་རང་ཐོན་དང་། དཀའ་སྤྱད་འབད་བརྩོན། ཡུལ་སྐོར་ལས་རིགས་ལ་ཧུར་ཐག་ཞུགས་པ། ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་ཏེ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་ཐུགས་རེའང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།