[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྟེ“རིག་ལྡན་སྨན་བཅོས”དང“རིག་ལྡན་སློབ་གསོ”སོགས་ཆ་འཕྲིན་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རིག་ལྡན་སྨན་བཅོས”དང“རིག་ལྡན་སློབ་གསོ”སོགས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། འདི་ལོའི་ལོ་འགོར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ལོའི་ནང་30%ཡན་གྱི་སློབ་གྲྭར་རིག་ལྡན་སློབ་གསོ་ཁྱབ་རྒྱུ་འགན་ལེན”དང“20%ཡན་གྱི་སྨན་ཁང་ལ་རིག་ལྡན་སྨན་བཅོས་ཁྱབ་རྒྱུ་བརྩོན་ལེན”སོགས་དམིགས་ཚད་ལས་འགན་བཏོན་ཡོད། འདི་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་རྔམ་བརྗིད་ལྡན་པའི་དམ་བཅའ་ཞིག་ཡིན་པ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ངེས་པར་དུ་ཏན་ཏན་ཏིག་ཏིག་ངང་ལེགས་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་གྲངས་འཛིན་བོད་ལྗོངས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། 

    དམིགས་ཚད་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། ཕྱོགས་ཡོངས་ནས་རྣམ་གྲངས་གསེད་བཀྲོལ། འགོག་རྐྱེན་ལས་སྒྲོལ་བ། རིགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ། ལས་ཀའི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས“རིག་ལྡན་སྨན་བཅོས”དང“རིག་ལྡན་སློབ་གསོ”སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་དང་ཆ་འཕྲིན་ཅན་གྱི་ལག་རྩལ་ཏན་ཏིག་སྤྱད་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། འགན་འཁྲི་རིམ་གྱིས་དོན་འཁྱོལ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། གཞོགས་འདེགས་དམ་ཟབ། མཉམ་ཤུགས་ཆགས་པ། མཉམ་ལས་ཧུར་ཐག་བཅས་བྱས་ཏེ་ཆ་འཕྲིན་ཅན་གྱི་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་སྙན་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་རྨང་གཞིའི་སྤྲིན་སྟེགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་དང་། དམངས་འཚོ་ལེགས་གཏོང་། སྤྱི་པའི་ཞབས་ཞུ། ཉེན་ཁ་འགོག་ཟོན། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ནང་གྲངས་གཞི་ཆེ་མོའི་གནད་འཁེལ་དང་ཕན་ཆེའི་ནུས་པ་འདོན་སྤེལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུ་གྲོལ་རྗེས། ཆེ་དགྲ་ལྷ་དང་བཅས་པས་ད་དུང་ཉིང་རྩིས་རྒྱག་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་དང་རང་སྐྱོང་ལྗོངས་ཀྱི་རྨང་གཞི་གཅིག་གྱུར་གྱི་སྤྲིན་སྟེགས་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།