[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཚེས་30ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་འབྲས་སྤུངས་དགོན་དང་། སེ་ར་དགོན། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ། ཁྲེང་ཀོན་ཆུས་ཡིག་བསྐུར་ངོ་བཅར་ཅུས་སོགས་སུ་ཕེབས་ཏེ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་བ་དང་། དགོན་སྡོད་ལས་བྱེད་པ་དང་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་འཚམས་འདྲི་ཡང་གནང་བ་རེད།

    འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཀྲོང་ཡན་གྱིས་ཏང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་དེ་བཞིན་དགོན་པའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དགོན་པའི་མེ་ཟོན་བདེ་འཇགས་ཀྱི་སྒྲིག་བཀོད་དང་རིག་དངོས་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད།

    ཁོང་གིས་རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས་དགོན་པའི་དོ་དམ་དང་ཞབས་ཞུའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། “ཚད་གཞི་བཞིར་སྲུང་བརྩི་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་ཚོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་འདུལ་ཁྲིམས་ནན་པོ་སྲུང་བ་དང་། ཆོས་སྲོལ་བཟང་པོ་དར་སྤེལ་གཏོང་བ། བློ་རྩེ་གཅིག་ཏུ་བསྒྲིམས་ནས་བློ་སྦྱོང་བྱེད་པ། དཀའ་སྤྱད་འབད་འཐབ་ཀྱིས་སྒོམ་སྒྲུབ་ལ་གཞོལ་བ་བཅས་ཀྱི་ཐོག་ནས་ཁྲིམས་སྲུང་གི་སྤྱི་དམངས་ཤིག་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    ལྷ་ས་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་འགའ་ཞིག་དང་དགོན་སྡེ་གཙོ་བོའི་སྡོད་བྱའི་གནས་ཚུལ་ལ་དུས་ངེས་མེད་ངང་ཞིབ་བཤེར་གནང་ཞིང་། ཁོང་གིས་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བ་ཚོས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་ལྷ་ས་གྲོང་ཁྱེར་གྱི་གནས་བབ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དུས་དང་རྣམ་པ་ཀུན་དུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་བ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་འཇོན་ཐང་ཆེ་རུ་གཏོང་བ། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་ཀྱི་སྒོ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རིང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲེང་ཀོན་ཆུས་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་སྐབས་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཡིག་བསྐུར་ངོ་བཅར་ཅུས་དང་ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ལས་དོན་སྙན་སེང་གསན་པ་མ་ཟད། ཡིག་བསྐུར་ངོ་བཅར་དང་ལེན་ལྟེ་གནས་ཀྱི་ལས་དོན་པ་དང་ངོ་འཕྲད་སྤེལ་རེས་ཀྱང་གནང་བ་རེད། སྤེལ་རེས་གནང་རིང་ཀྲོང་ཡན་གྱིས། ཡིག་བསྐུར་ངོ་བཅར་དང་ལེན་ལས་དོན་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། སེམས་རྩ་འཁོལ་ལ་བསྒམ་ནན་དང་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ། གསལ་འགྲེལ་གསེད་བཀྲོལ་གྱི་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་ཁྲིམས་སྲོལ་བཞིན་ཐག་གཅོད་བྱེད་དགོས། ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། འགལ་ཟླ་ཐག་གཅོད་བྱེད་པ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་སོགས་ཐད་ཀྱི་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ལས་བྱེད་པ་ཚོའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཆེད་ལས་ཅན་དང་། ཁྲིམས་སྐྱོང་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། འགལ་ཟླ་སྔ་ཙམ་སེལ་བ་དང་། ཆུང་ས་ནས་སེལ་བ། གཞི་རིམ་ནས་སེལ་བ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།