[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས་ལྷ་སར་བཟའ་བཅའི་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་བ།

    ཀྲོང་ཡན་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    ཟླ་12ཚེས་3ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་དུ་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཁྲོམ་རར་ཚོང་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཟླ་12ཚེས་3ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་དུ་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་ཞིང་། ཁོང་གིས་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བཟའ་བཅའི་བདེ་འཇགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཙུང་ལི་ལི་ཁེ་ཆང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ལས་དོན་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ། ཞིང་ནང་དང་མུ་ཁ་ནས་ཐོན་སྐྱེད་ལས་སྣོན་དང་ཐོན་རྫས་བྲིན་ཚོང་བར་གྱི་ལྷུ་ཚིགས་ཁག་གི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 

    སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཁྲོམ་རས་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་ཆེད། བཟའ་བཅའི་འཇུག་འཐུས་ལམ་ལུགས་ནན་པོ་བཙུགས་པ་དང་འབྲེལ། དུས་རྟག་ཏུ་ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་ཡོངས་བསྒྲགས་བྱེད་ཀྱི་ཡོད། ཝུའུ་དབྱིང་ཅེ་ཞིབ་དཔྱད་ཚད་ལེན་ཁང་དུ་ཕེབས་ནས། ཞིང་སྨན་ལྷག་འཕྲོར་ཞིབ་དཔྱད་ཚད་ལེན་བྱེད་པའི་བརྒྱུད་རིམ་ལ་ནན་ཏན་ངང་གཟིགས་པ་དང་། ཞིབ་དཔྱད་ཚད་ལེན་སྙན་ཞུར་འཐེན་བཤེར་གནང་ཞིང་། ཁྲོམ་རའི་ཁྲོམ་བཀྱགས་མདུན་དུ་ཕེབས་ནས། ཚོང་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་འབྲེལ་བཟའ་བཅའི་ཐོན་ས་དང་། བྲིན་ཚོང་། བདེ་འཇགས་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་ཆེ་ས་ནས། ཆུ་གློག་ལམ་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཆུང་ས་ནས། མེ་ཤིང་དང་། འབྲས། བཟའ་སྣུམ། ཚྭ་སོགས་རྒྱུན་གཏན་འཚོ་བའི་མཁོ་ཆས་ཚང་མ་ནི་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཆེས་ཚགས་ཚུད་ཀྱི་ཚད་གཞི་དང་། ཆེས་ནན་ཤོས་ཀྱི་ལྟ་འདོམས། ཆེས་ནན་ཤོས་ཀྱི་ཆད་པ། ཆེས་ནན་ཤོས་ཀྱི་འགན་འཁྲི་བདའ་འདེད”བཅས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བཟའ་བཅའི་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཚགས་དམ་པའི“འགོག་སྲུང་དྲ་བ”བསྐྲུན་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་ལྟ་འདོམས་བྱེད་ཐབས་གསར་གཏོད་བྱས་ནས་འབྲེལ་མཐུད་དམ་ཟབ་འགན་ལེན་བྱེད་དགོས། བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་འདོམས་ལམ་ལུགས་བཙུགས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད། 

    ཚགས་ཤ་དང་ལུག་ཤ་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བར་མཁོ་ཆེ་བའི་བཟའ་རིགས་ཡིན་ལ། དགོས་གལ་ཆེན་པོ་ཡོད། བོད་ལྗོངས་ཧྲེང་ཅཱ་བཟའ་བཅའ་གསར་སྤེལ་ཚད་ཡོད་ཀུང་སིར། ཝུའུ་དབྱིང་ཅེས་ལས་ཀའི་བརྒྱུད་རིམ་ལ་གཟིགས་པ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་བཤེར། ཁྲོམ་རའི་རིན་གོང་བཀའ་འདྲི་བཅས་གནང་བ་དང་འབྲེལ། ཤ་རིགས་ཁྲོམ་རར་འདོན་པའི་ལྷུ་ཚིགས་ཁག་གི་ལས་དོན་དང་ཕན་འབྲས་མཁྱེན་རྟོགས་ནན་ཏན་གནང་བ་རེད། ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཐག་གཙང་བཅད་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ནས་ཟོག་ཁུངས་སྒྲིག་འཛུགས་བྱས་ཏེ། འབྲུ་དང་། སྣུམ། ཤ་སོགས་ཞིང་ཞོར་ཐོན་རྫས་དང་ལྷག་པར་དུ་ཚགས་ཤ་དང་ལུག་ཤ་སོགས་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཁྲོམ་རར་མཁོ་སྤྲོད་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས། མང་ཚོགས་ཚོས་བློ་བདེ་པོས་ཤ་དང་ཚལ་ཟ་ཐུབ་པ་དང་། ཐོན་རྫས་བློ་བདེ་པོས་སྤྱོད་ཐུབ་པ་བྱེད་དགོས་པ། རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཚོས་ཕྱུགས་རིགས་གསོད་མི་ཕོད་པ་དང་འཚོང་མི་འདོད་པའི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་པ་དང་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་སྒོ་ཕྱུགས་བཤས་གཏོང་ཚད་མང་དུ་བཏང་སྟེ་ཞིང་འབྲོག་ལས་སྐྱོན་བྲལ་འཕེལ་རྒྱས་དང་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

    རང་སྐྱོང་ལྗོངས་བཟའ་བཅའ་སྨན་རྫས་བརྟག་ཞིབ་ཞིབ་འཇུག་ཁང་གིས་བཟའ་བཅའ་དང་སྨན་རྫས་སོགས་ལ་བརྟག་ཞིབ་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་ལས་དོན་དང་དེ་བཞིན་འབྲེལ་ཡོད་བསྐྱར་ཞིབ་ལས་དོན་གྱི་འགན་གཙོ་བོ་འཁུར་བ་དང་འབྲེལ་ལྗོངས་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་བརྟག་ཞིབ་དང་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད། ཝུའུ་དབྱིང་ཅེས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ། ཞིབ་འཇུག་སུའོ་ཡི་ཁྱབ་ཁོངས་ཁག་གི་ལས་དོན་གོ་རིམ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལས་དོན་གྱི་ལས་འགན་ལྕི་བ་དང་འགན་འཁྲི་ཆེ་བས། འགན་འཁྲིར་གུས་སྐྲག་དང་དུས་རྟག་ཏུ་དོགས་ཟོན་བྱེད་པ་དང་། བསམ་ཕྱོགས་གསར་གཏོད་དང་ལམ་སྲོལ་གསར་གཏོད། ཚན་རྩལ་ལ་བརྟེན་ནས་སྟོབས་ཤུགས་འཕེལ་བ་དང་བློ་གྲོས་ཀྱི་བྱེད་ཐབས་ལྡན་པ། བདེ་འཇགས་ཀྱི་ཚད་གཞི་ལག་བསྟར་ནན་ཏན་དང་ལྟ་འདོམས་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། བཟའ་བཅའི་བདེ་འཇགས་འགན་ལེན་ལམ་སྲོལ་ནུས་ལྡན་འཛུགས་དགོས། ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོ་གཙོ་བོར་བྱེད་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་ལས་ལ་དམིགས་ཏེ། བརྟག་ཞིབ་དང་ཞིབ་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་ཆོག་པ་དང་སྤྱོད་གོ་ཆོད་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་རྟགས་གཏོད་རྒྱུར་གཞོགས་འདེགས་བྱེད་དགོས། བོད་སྨན་གྱི་སྤུས་ཚད་ཚད་ལྡན་ཅན་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་གྲངས་གཞིའི་ཐོག་ནས་སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་དེ་བས་ཚན་རིག་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བ་བྱས་ནས། བོད་ལུགས་གསོ་རིག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།