[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་སྤྱད་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-12

    706118_yis_1581397980816_s.jpg

    ཟླ་2ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས“བརྡ་ཐོ་མི་གཏོང་བ་དང་། ལན་མི་གཏོང་བ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་དང་ལེན་མི་བྱེད་པ། གཞི་རིམ་དུ་ཐད་ཀར་སྐྱོད་པ། ལས་ཡུལ་དངོས་སུ་ཐད་ཀར་སྐྱོད་པ”བཅས་ཀྱི་བྱ་ཐབས་སྤྱད་དེ་རང་ལྗོངས་ཀྱི་གཞུང་ལམ་ལམ་རྒྱུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་གནང་བ་རེད། འདི་ནི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་བྲག་ཆུ་ལམ་མདོར་ཝུའུ་དབྱིང་ཅེས་བྱམས་བརྩེའི་ངང་སྡོད་བྱའི་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་མི་སྣ་འགྲོ་འོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་2ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས“བརྡ་ཐོ་མི་གཏོང་བ་དང་། ལན་མི་གཏོང་བ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་དང་ལེན་མི་བྱེད་པ། གཞི་རིམ་དུ་ཐད་ཀར་སྐྱོད་པ། ལས་ཡུལ་དངོས་སུ་ཐད་ཀར་སྐྱོད་པ”བཅས་ཀྱི་བྱ་ཐབས་སྤྱད་དེ་རང་ལྗོངས་ཀྱི་གཞུང་ལམ་ལམ་རྒྱུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་ཚུལ་ལ་ཞིབ་བཤེར་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་ལས་སྒྲུབ་མི་སྣ་དང་སྨན་དོན་མི་སྣར་འཚམས་འདྲི་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཞིབ་བཤེར་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེ་དང་ཐོག་ལྷ་ཉིང་མྱུར་བགྲོད་གཞུང་ལམ་བྲག་ཆུ་ལམ་མདོར་ཕེབས་པ་དང་། ས་གནས་དེ་གའི་འཕྲོད་བསྟེན་དང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་ནས་ཡོང་བའི་ལས་དོན་མི་སྣ་བཅུ་ལྷག་ཙམ་གྱིས་འགོག་སྲུང་གྱོན་གོས་གཅིག་གྱུར་གྱོན་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་དུག་སེལ་དང་ཞིབ་བཤེར་སོགས་ཀྱི་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བཞིན་ཡོད། ཝུའུ་དབྱིང་ཅེས་རླངས་འཁོར་ནས་བབས་ཏེ་རང་འགུལ་ངང་ཚ་བ་གཟིགས་པ་མ་ཟད། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་མི་སྣ་འགྲོ་འོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལས་དོན་མི་སྣས། རང་སྐྱོང་ལྗོངས་ཀྱིས་བརྡ་ལན་རིམ་པ་དང་པོ་འགོ་བཙུགས་ཚུན། ལས་སྒྲུབ་མི་སྣ་ཡོངས་ཀྱིས་ཉིན་མཚན་དབྱེར་མེད་ངང་ལས་གནས་སུ་སྡོད་བྱ་མཐའ་འཁྱོངས་བྱས་ཏེ།

    རླངས་འཁོར་གཅིག་དང་མི་གཅིག་ཀྱང་མི་ལུས་པར་ཞིབ་བཤེར་བྱ་རྒྱུའི་འགན་ལེན་བྱེད་པ་དང་། ཚེས་27ཉིན་ནས་ད་བར་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་རླངས་འཁོར་11ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་ཡིན་ཞེས་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ཚང་མས་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མ་བརྟན་སྲུང་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཚང་མའི་ཁ་རས་དང་འགོག་སྲུང་གྱོན་གོས་འདང་མིན་བཀའ་འདྲི་གནང་བ་རེད། ལས་སྒྲུབ་མི་སྣས་ཁ་རས་ཆུ་ཚོད་བཞི་སོང་རྗེས་གསར་པ་རེ་བརྗེ་བ་དང་། འགོག་སྲུང་གྱོན་གོས་ཉིན་གཉིས་རེར་ཐེངས་རེ་བརྗེ་ཡི་ཡོད། འགོག་སྲུང་དངོས་ཟོག་གསོག་འཇོག་བྱེད་ཚད་ཀྱང་འདང་ངེས་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་ལས་སྒྲུབ་མི་སྣར་འགོག་སྲུང་བྱ་ཐབས་ནན་དུ་བཏང་ནས་རང་ངོས་འགོག་སྲུང་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཁོང་གིས་འགྲིམ་འགྲུལ་འགག་སྒོ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་རླངས་འཁོར་སླེབས་རིམ་བཞིན་ཞིབ་བཤེར་དང་མི་ཐུག་རིམ་བཞིན་ལ་ཚ་བ་ལྟ་རྒྱུ་མཐའ་འཁྱོངས་བྱས་ནས་རིམས་ནད་ཕྱི་ནས་འགོས་རྒྱུ་སྔོན་འགོག་ནན་པོ་བྱེད་དགོས། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་ལས་ཀའི་བྱེད་སྟངས་བྱེད་ལུགས་ལ་དོ་སྣང་བྱེད་དགོས་པ་དང་། ཕྱི་ནས་ཡོང་བའི་མི་དང་ལྷག་པར་དུ་རིམས་ནད་གཙོ་གནད་ཐོན་ཁུལ་ས་ཁུལ་གྱི་མི་སྣར་མཐོང་ཆུང་མི་བྱེད་པར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་དོ་དམ་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ས་བབ་མཐོ་ཚད་ལ་སྨི་4200ཡོད་པའི་གསུམ་མདོའི་རིམ་པ་གཉིས་པའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་སུ་ཝུའུ་དབྱིང་ཅེས་ཞིབ་བཤེར་ལས་ཀའི་གོ་རིམ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད།

    སྒེར་འཁོར་ཁ་ཤས་ལས་སྒྲུབ་མི་སྣའི་ཞིབ་བཤེར་བྱ་རྒྱུར་བསྒུགས་ནས་བསྡད་ཡོད་པ་དང་། ཝུའུ་དབྱིང་ཅེ་ཁོང་ཚོའི་འགྲམ་དུ་ཕེབས་ནས་བྱམས་བརྩེའི་ངང་ཁོང་ཚོ་གང་ནས་ཡོང་བ་དང་ལས་ཀ་གང་བྱེད་པར་འགྲོ་མཁན་ཡིན་མིན་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས། ཉེ་ཆར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་། ང་ཚོས་འབྲེལ་ཡོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་རེད། རེ་བར་ཚང་མས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་ལས། རྙོག་དྲ་ཚ་པོ་འདུག་སྙམ་མི་རུང་། ལྷག་པར་དུ་ཕྲུ་གུ་དང་རྒན་རྒོན་ལ་རིམས་ནད་ཕོག་ཚེ་ཉེན་ཁ་ཆེན་པོ་ཡོད་ཅེས་གསུངས་པ་དང་། སྒེར་འཁོར་གཏོང་མཁན་ཁ་ལོ་བ་ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་ཞུས་པ་རེད།

    ལྷ་ཉིང་མྱུར་བགྲོད་གཞུང་ལམ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་སྤྱི་ལེ་ཀླད་ཀོར་གྱི་སར་གནས་པ་དང་། ལྷ་ས་གྲོང་ཁུལ་དུ་འཛུལ་བའི“ཤར་སྒོ་ཆེན་པོ”དེ་རེད། རིམས་ནད་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱ་ཆེད། མིག་སྔར་འཕྲོད་བསྟེན་དང་། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ། དེ་བཞིན་སྡེ་ཁུལ་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་60ཙམ་གྱིས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་འབྲེལ། ལས་སྒྲུབ་མི་སྣར་འཚམས་འདྲི་ཡང་གནང་ཞིང་། རེ་བར་ལས་སྒྲུབ་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ངང་རྒྱུད་རིང་པོས་དོ་དམ་དང་ཞབས་ཞུ་ཡག་པོ་སྒྲུབ་དགོས་པ་དང་དུས་མཚུངས། མང་ཚོགས་ལ་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཚང་མའི་སྣེ་ཁྲིད་དེ་གདེང་ཚོད་བརྟན་དུ་གཏོང་བ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བརྟག་ཞིབ་གནང་རིང་། མིག་སྔའི་རིམས་ནད་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་ང་ཚོས་ངེས་པར་དུ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཐོག་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དམ་འཛིན་ཏན་ཏིག་དང་། ཚགས་ཚུད་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་མཐའ་དག་ལས་ལྷག་པ་བློ་ལ་བརྟན་པོར་འཆང་ནས་གཙོ་གནད་གཤམ་འོག་ཏུ་ཕྱོགས་པ་དང་འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་འཐབ་ས་མདུན་མར་དོན་འཁྱོལ་ནུས་ལྡན་ཐུབ་པ་བྱས་ནས་འཐབ་ས་མདུན་མར་བཀོད་འདོམས་ཏན་ཏིག་བྱེད་པ་དང་། འཐབ་ས་མདུན་མར་དྲིལ་བསྒྲགས་སྐུལ་སློང་བྱེད་པ། འཐབ་ས་མདུན་མར་གྲལ་བཤེར་མི་སྣ་ཡོད་པ། འཐབ་ས་མདུན་མར་མཉམ་འགོག་མཉམ་འཛིན་བྱེད་པ་བཅས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་སྲུང་ཡོལ་ཕྱོགས་ཡོངས་ནས་བརྟན་པོ་སྐྲུན་ནས་སེམས་ནུས་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་ཁྲིད་སྟོན་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་ཡིན་པ་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།