[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་དགའ་ལྡན་དགོན་པར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཚེས་11ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དགའ་ལྡན་དགོན་པར་ཕེབས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་མཉམ་དུ་བརྟག་ཞིབ་ལ་ཕེབས་པ་རེད།

    བརྟག་ཞིབ་གནང་རིང་དུ། ཏིང་ཡེ་ཤན་གྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ས་ནས་གནས་ཚུལ་ཤེས་རྟོགས་དང་།

    བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། དགའ་ལྡན་དགོན་པ་སོགས་དགོན་སྡེས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ལྟ་རེས་སྐྱོང་རེས་དང་། སྤུན་ཟླའི་བརྩེ་བ། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་བཅས་ཀྱི་མཐུན་སྒྲིལ་རོགས་རེས་སྙིང་སྟོབས་ལག་བསྟར་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རང་འགུལ་ངང་ཧུའུ་པེ་ཝུའུ་ཧན་གྱི་རིམས་ནད་ཚབས་ཆེའི་ས་ཁུལ་ལ་ཞལ་འདེབས་བརྒྱབ་པའི་བྱ་སྤྱོད་ལ་བསྔགས་བརྗོད་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ཆོས་ལུགས་ལས་རིགས་ཀྱི་རྒྱ་ཆེའི་མི་སྣས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་བསྟན་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་ཡིན་པས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ཧ་ཅང་ལྕི་པོ་ཡོད། ཆོས་ལུགས་ལས་རིགས་མི་སྣས་རྒྱ་ཆེའི“ཚད་གཞི་བཞིར”གཞི་འཛིན་པ་དང་དེ་ཕྱོགས་སྟོན་དུ་བྱས་ཏེ“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་སྟེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་མི་ལྷག་པའི་འགན་ལེན་བྱེད་དགོས་པ་མ་ཟད། ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་འཐབ་ཇུས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་བ། ཆོས་ལུགས་མི་སྣ་དང་མི་རིགས་ཁག་གི་མང་ཚོགས་ཧུར་ཐག་ཞུགས་པ་བཅས་ཡོད་པས་ང་ཚོས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཅངས་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།