[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    —— ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-26

    ལེ་ཚན་གཏོད་པའི་གཏམ།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་ལེན་རྒྱུར་རོགས་རམ་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད་དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད། བཅར་འདྲི་གླེང་མོལ་ཟིན་ཐོ”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོད་དེ་རིམ་སྤེལ་བཅར་འདྲི་གླེང་མོལ་གཅིག་རྗེས་གཉིས་མཐུད་ངང་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་གོང་འོག་གི་མི་རིགས་ཁག་དང་ལས་རིགས་ཁག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་ཐུན་མོང་ཐོག་ཤུགས་རྒྱག་པ་བཅས་བྱ་ཆེད་ཕན་ཡོད་གོ་སྐབས་བསྐྲུན་ཡོད། ཉེ་ཆར་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཇི་ལྟར་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐོར་ལ་གསར་འགོད་པས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོར་བཅར་འདྲི་ཞུས་པ་རེད།

    གསར་འགོད་པ། ཁྱེད་ཀྱིས་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་གི་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ནང་དོན་དང་དེ་བཞིན་ཇི་ལྟར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་མཛུབ་ཁྲིད་དེ་བས་ཡག་པ་བྱེད་དགོས་པའི་སྐོར་གླེང་རོགས།

    བསྟན་ཁོ། ཏང་ཀྲུང་དབྱང་གིས་དམིགས་སུ་བཀར་ནས་ཚང་འཛོམས་གྲོས་ཚོགས་གཅིག་གི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ཞིབ་འཇུག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དེར་ཞིབ་འཇུག་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་གང་ལེགས་མཚོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ“མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི”ལམ་ལུགས་ཆེན་པོ་ལྔའི་གྲས་སུ་བཅུག་པ་དེ་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་གནས་བབ་དང་ནུས་པ་གང་ལེགས་མཚོན་ཡོད། 《གཏན་འབེབས》ནང་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བཀོད་པ་མཐའ་འཁྱོངས་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས། མནའ་མཐུན་པའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཏང་སྲིད་ཀྱི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པས་དུས་རབས་གསར་པ་དང་དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྤེལ་རྒྱུར་སྔར་བས་ཁ་ཕྱོགས་གསལ་སྟོན་བྱས་པ་དང་འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་དོན་གྱི་བཀོད་པ་སྔར་བས་གྲུབ་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་སྒྲིག་སྲོལ་དང་ལམ་སྲོལ་དང་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་བླང་བྱ་བཏོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་ལེན་པ། བོད་ཀྱི་ཞིབ་ཕྲའི་ལག་ལེན་དང་ཟུང་འབྲེལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བོད་བཅོས་སྐྱོང་བྱེད་པའི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་འབད་བརྩོན་བཅས་བྱས་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་ནུས་སེམས་གཅིག་སྒྲིལ་བྱེད་དགོས།

    གསར་འགོད་པ། ཁྱེད་ཀྱིས་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཟུར་ཚད་ཐོག་ནས་ཇི་ལྟར་བྱས་ཏེ་འགག་རྩ་དམ་འཛིན་དང་གཙོ་གནད་སྟངས་འཛིན་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུའི་སྐོར་གླེང་རོགས།

    བསྟན་ཁོ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་འགག་རྩ་ནི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པ་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་གཏོང་དགོས་པ”དང“གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པ”སྔར་བས་གསལ་རྟོགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་གཅིག་འདོམས་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བར་འགོ་འཛུགས་ས་དེ་བས་མཐོ་བ་དང་། རིམ་པ་དེ་བས་མཐོ་བ། ཆུ་ཚད་དེ་བས་མཐོ་བ་བཅས་ཐད་ཕྱོགས་ཡོངས་ནས་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ནི་ཆེས་རྩ་བའི་འགན་ལེན་དུ་བྱ་རྒྱུ་མཐའ་འཁྱོངས། ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་ནི་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་བཞིན་བཅོས་སྐྱོང་བྱ་རྒྱུ་དེ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག་རྣམ་འགྱུར་ཏན་ཏིག་དང་། འཇོན་ཐང་ཆེ་བ། གཟབ་ནན་ནུས་ལྡན་གྱི་གསར་གཏོད། རྒྱུན་སྲིང་ལྷོད་མེད་ཀྱི་སྙིང་རུས་བཅས་ལ་བརྟེན་ནས་སྒྲིག་སྲོལ་ལམ་སྲོལ་དང་ལས་དོན་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།

    གསར་འགོད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས་ཁྱེད་ཀྱིས་དེའི་ཐད་ཀྱི་ལས་དོན་དང་འཕེལ་རིམ་ངོ་སྤྲོད་གནང་རོགས།

    བསྟན་ཁོ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་དང《གཏན་འབེབས》འགོ་ནས་མཇུག་བར་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་11ཚེས་8ཉིན། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལྗོངས་ཡོངས་ཀྱི་ཏང་ཕྱིའི་འཐུས་ཚབ་མི་སྣའི་ཚོགས་འདུ་འཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྡ་ཁྱབ་བཏང་བ་དང་། ལྗོངས་ཡོངས་ཀྱི་ཏང་ཕྱིའི་མི་སྣས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ཏེ་མདུན་དུ་སྐྱོད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་སྲུང་བྱེད་པའི་ཐད་མདུན་དུ་སྐྱོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཐད་མདུན་དུ་སྐྱོད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐད་མདུན་དུ་སྐྱོད་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྐྱོན་བྲལ“གཉིས”ལ་སྐུལ་འདེད་གཏོང་བའི་ཐད་མདུན་དུ་བསྐྱོད་པ། རིམ་པ་ཁག་གི་མི་སྣའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཐད་མདུན་དུ་སྐྱོད་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“གསལ་པོ་ཤོད་པ་བརྒྱད”ཀྱི་བླང་བྱ་གཞིར་བཟུང་མི་རིགས་ཁག་དང་ལས་རིགས་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་། སློབ་གྲྭ སྡེ་ཁུལ། ཁེ་ལས། དགོན་སྡེ་བཅས་སུ་སྒྲོག་འགྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁྱབ་ཁོངས་སུ་གསང་མི་ལུས་པ་དང་། ཁུག་ཆ་མི་ལུས་པ། ཕྱོགས་ཡོངས་སུ་ཁྱབ་པ་བཅས་ཀྱི་སྒྲོག་འགྲེལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན།

    གསར་འགོད་པ། དེང་སྐབས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་བཞིན་ཡོད་པས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་ཇི་ལྟར་བྱས་ཏེ་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་དང་གོམ་སྟབས་རྗེས་མར་འཆར་གཞི་གང་ཡོད་དམ།

    བསྟན་ཁོ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་འཕྲལ་མ་ཉིད་དུ་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་ཆེད་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ནང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་བླང་བྱ་གསལ་པོ་བཏོན་གནང་བ་རེད། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་དང་ས་ཁུལ་ཁག་གི་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བརྡ་ཐོ་བཏང་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་བཀོད་སྒྲིག་བྱས་པ་དང་སྦྲགས་བླང་བྱ་ཁ་གསལ་བཏོན་ཡོད། གོམ་སྟབས་རྗེས་མར་ང་ཚོས་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)གྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་དུས་ཐེངས་དང་ཁག་ཐེངས་དབྱེ་ནས་ཏང་ཕྱིའི་མི་སྣས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་སང་ལོའི་ཟླ་6པའི་གོང་དུ་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་རིམ་ངོས་ནས་སློབ་གསོ་དང་། གསོ་སྐྱོང་། དོ་དམ་བཅས་བྱེད་པའི་ཏང་ཕྱིའི་འཐུས་ཚབ་མི་སྣ་ཡོངས་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན། ཉེ་དུས་ང་ཚོས་ད་དུང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་པའི་སྒྲོག་འགྲེལ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་མངགས་ཏེ་ཏང་ཕྱིའི་མི་སྣ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགོ་ནས་མཇུག་བར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།