[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་དམངས་འཚོ་ལེགས་གཏོང་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2019-06-26

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་དམངས་འཚོ་ལེགས་གཏོང་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁུལ་རྙིང་པར་བློ་བཟང་རྒྱལ་མཚན་ཁྲོམ་གཞུང་དང་སྲང་ལམ་བརྒྱུད་སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་བྱང་ཚ་ཚང་སྒོ་ར་དང་། བར་སྐོར་ཁྲོམ་གཞུང་གི་ཤ་གསར་ཟུར་སྡེ་ཁུལ། བསྟན་རྒྱས་གླིང་སྡེ་ཁུལ་བཅས་སུ་ཕེབས་ནས་ཚེ་གཡང་དང་། བཀྲ་ཤིས་ཆོས་སྒྲོན། བསམ་ཆུང་། བསྟན་འཛིན་གཡུ་སྒྲོན་བཅས་ཡོང་འབབ་དམའ་བའི་གྲོང་མིའི་དུད་ཚང་བཞིར་འཚམས་འདྲི་གནང་བ་དང་ཆབས་ཅིག་ཚང་མ་དང་མཉམ་དུ་འཚོ་བའི་སྐོར་ཅི་འཕྲོས་མོལ་འཕྲོས་གནང་ནས་ཁྱིམ་ཚང་གི་ཡོང་འབབ་དང་། ནད་གཞི་ལྟ་བ་དང་སྨན་བཅོས། བུ་ཕྲུག་སློབ་གྲྭ་འགྲིམ་པ་དང་ལས་ཞུགས་སོགས་ཀྱི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་དང་གཟིགས་སྐྱོང་ཆེན་པོ་གནང་གི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། ཚང་མས་དེ་བས་རང་རྟོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཏང་དང་སྲིང་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས། མང་ཚོགས་ཀྱི་རེ་འབོད་ནི་ང་ཚོའི་ལས་ཀའི་སྒུལ་ཤུགས་དང་། མང་ཚོགས་ཀྱི་རེ་སྒུག་ནི་ང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་། དམངས་འཚོའི་སྟོན་ཕྱོགས་བརྟན་པོ་འཛུགས་པ། མི་དམངས་མང་ཚོགས་དབར་བརྩེ་སེམས་ཟབ་ཏུ་གཏོང་བ། མང་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་བསྟན་རྒྱས་གླིང་སྡེ་ཁུལ་ཨུ་ལྷན་དུ་ཡོང་འབབ་དམའ་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་བརྟག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སྡེ་ཁུལ་དང་། ཁྲོམ་གཞུང་། ཁྲེང་ཀོན་ཆུས། ལྷ་ས་གྲོང་ཁྱེར་བཅས་རིམ་བཞིའི་ལས་བྱེད་པ་དང་གཞི་རིམ་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་རེད། ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། བློ་བཟང་རྒྱལ་མཚན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ང་ཚོ་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་དགོས་པ་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ་དང་། ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་བརྩེ་སེམས་འཆང་བ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་བ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་དབུལ་པོའི་གནས་ཚུལ་དང་དབུལ་པོར་གྱུར་རྐྱེན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཉམས་ཞན་ཚོགས་སྤྱིའི་ཐོན་སྐྱེད་དང་། འཚོ་བ། ལས་ཞུགས། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དཀའ་ངལ་དང་གནད་དོན་ལ་དམིགས་ནས་ལུགས་མཐུན་གྱི་གྲོས་འགོ་བཏོན་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་དངོས་ཐག་གཅོད་ནུས་ལྡན་བྱེད་པ་དང་། དམངས་འདོད་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་ཁེ་ཕན་དོན་གཉེར་བཅས་ཀྱི་བྱ་བ་དངོས་དང་བྱ་བཟང་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།