[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མཐོ་སློབ་སློབ་ཐོན་སློབ་མར་ལས་གཏོད་ཀྱི་སྲིད་ཇུས་གསར་པ་བཏོན་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-29

    བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་སྟེ“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”བླང་བྱ་དོན་འཁྱོལ་བྱ་ཆེད། ཉེ་ཆར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་ལྗོངས་ཀྱི་དོན་དངོས་གཞིར་བཟུང《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཏོན་པ་རེད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་འཐུས་སྒོ་ཚང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཁ་གསབ་སྤྲོད་རྒྱུ་ཡིན་པ།

    《བསམ་འཆར》ནང་རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འཐུས་སྒོ་ཚང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་པ་བསྟན་ཡོད།

    ངལ་རྩོལ་གན་རྒྱ་ལོ་3ཡན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མར་ལོ་དེ་རང་གི་རང་ལྗོངས་ཀྱི་གླ་ཕོགས་ཚད་གཞི་དམའ་ཤོས་ཀྱི་50%གཞིར་བཟུང་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྤྲོད་རྒྱུ་མ་ཟད། དུས་ཡུན་རིང་ཤོས་ལོ་5ཡིན་པ་དང་། ཁང་པ་གཡར་ནས་སྡོད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ལོ་དེ་རང་གི་རང་ལྗོངས་ཀྱི་གླ་ཕོགས་ཚད་གཞི་དམའ་ཤོས་ཀྱི་50%གཞིར་བཟུང་ཟླ་རེར་སྡོད་ཁང་གི་ཁ་གསབ་སྤྲོད་རྒྱུ་མ་ཟད་དུས་ཡུན་རིང་ཤོས་ལོ་5ཡིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་རྒྱུ་མ་ཟད།  ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་འཇོག་མཁན་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་སྤྱི་ཚོགས་འགན་བཅོལ་མ་དངུལ་འཇལ་བའི་རིགས་ལ་ལོ་10ཁ་གསབ་སྤྲོད་རྒྱུ་ཡིན་པའི་ནང་ལོ་1ནས་5བར་ཁ་གསབ་100%སྤྲོད་རྒྱུ་དང་། ལོ་6ནས་8བར་ཁ་གསབ་50%སྤྲོད་རྒྱུ། ལོ་9ནས་10བར་ཁ་གསབ་30%སྤྲོད་རྒྱུ་བཅས་རེད།

    ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མར་འཚོ་བ་དང་སྡོད་ཁང་གི་ཁ་གསབ་དང་དེ་བཞིན་ལམ་གྲོན་ཁ་གསབ་སྤྲོད་རྒྱུ་རེད། ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་ཡང་ན་གདན་ཞུའི་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མར་ལོ་དེ་རང་གི་ཡུལ་དེའི་གླ་ཕོགས་ཚད་གཞི་དམའ་ཤོས་ཀྱི་50%གཞིར་བཟུང་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་དང་སྡོད་ཁང་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་5ཡིན་པ་མ་ཟད། མི་རེར་སྤྲོད་ཐེངས་གཅིག་ལ་ལམ་གྲོན་ཁ་གསབ་སྒོར་2000སྤྲོད་རྒྱུ་རེད།

    གཞན་ཡང་། མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་སྐབས་སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་ཚབ་འཇལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ནས་ལོ་3སོང་བའི་མཐོ་སློབ་སློབ་ཐོན་སློབ་མར་ལོ་རེའི་སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་སྲིད་ཇུས་གཞིར་བཟུང་། དངོས་ཚན་དང་ཆེད་ཚན་སློབ་མར་ཚབ་འཇལ་དངུལ་གྲངས་སྒོར་8000དང་། ཞིབ་འཇུག་སློབ་མར་སྒོར་12000ཡིན་པ་རེད།

    ལྗོངས་ནང་ཁུལ་གྱི་ལས་གཏོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མར་ལས་གཏོད་མ་དངུལ་སོགས་སྤྲོད་རྒྱུ་ཡིན་པ།

    མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་དམ་ཡང་ན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པའི་རིགས་ལ་ཞིབ་བཤེར་གཏན་འབེབས་བྱས་རྗེས་འབྲེལ་ཡོད་གྲོས་མཐུན་བཞག་ཚེ་མི་རེར་སྒོར་ཁྲི་5དང་དུད་ཚང་རེར་ཚད་གཞི་མཐོ་ཤོས་སྒོར་ཁྲི་20ཟིན་པའི་སྤྲོད་ཐེངས་གཅིག་གི་ལས་གཏོད་མ་དངུལ་སྤྲོད་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག དངུལ་རྩའི་དངུལ་བུན་གཡར་བའི་ཐད་ནས་ཀྱང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ནང་ཁུལ་དུ་རང་བརྟེན་ལས་གཏོད་བྱེད་པའི་གནས་ཚུལ་ལ་དམིགས་ཏེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁག་ཐེག་ཐེབས་རྩ་བཙུགས་ཏེ་ལས་གཏོད་ཁག་ཐེག་དངུལ་བུན་དང་ཉེན་ཁ་ཚབ་འཇལ་ལམ་སྲོལ་བཟོས་ནས་ལས་གཏོད་བྱེད་མཁན་མི་རེར་ཁག་ཐེག་དངུལ་བུན་མཐོ་ཤོས་སྒོར་ཁྲི་50གཏོང་རྒྱུ་དང་། དངུལ་རྩའི་སྒྲིག་གཞིས་དེ་དག་ལ་1:10ཡི་ལྡབ་གྲངས་ཐོག་ནས་དངུལ་བུན་གཡར་རྒྱུ་ཡིན་པ་རེད། དངུལ་བུན་ལོ་10ཡན་གཡར་ཆོག་པ་དང་། བོད་ཀྱི་དབུལ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་ལྟར་བརྩིས་ཏེ་ལོ་དང་པོ་ནས་གསུམ་པ་བར་གྱི་སྐྱེད་ཀ་ཚང་མ་ནོར་སྲིད་ནས་སྤྲོད་རྒྱུ་ཡིན་པ་རེད།

    གཞན་ཡང་། ལས་གཏོད་གཞི་རྟེན་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ནང་གཉེར་སྐྱོང་བྱ་ཡུལ་དང་ལས་གཏོད་ཞབས་ཞུའི་ལས་སྟེགས་སོགས་ཚང་མར་ཁ་གསབ་དང་མ་དངུལ་ཐོག་ནས་ཁག་སོ་སོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། དེའི་ནང་གཉེར་སྐྱོང་བྱ་ཡུལ་གྱི་ཁ་གསབ་ཐད་སྲིད་གཞུང་ནས་མ་དངུལ་བཏང་སྟེ་བསྐྲུན་པའི་གཉེར་སྐྱོང་བྱ་ཡུལ་སྤྱད་དེ་རང་བརྟེན་ལས་གཏོད་བྱས་ཚེ་ལོ་5ཡི་རིང་བོགས་གླ་མི་ལེན་རྒྱུ་དང་། གཉེར་སྐྱོང་བྱ་ཡུལ་གཞན་གཡར་ཏེ་རང་བརྟེན་ལས་གཏོད་བྱས་ཚེ་དེ་གའི་བོགས་གླ་དང་ཆུ་གློག་རིན་པར་ཟླ་རེར་ཁ་གསབ་སྤྲོད་རྒྱུ་དང་ལོ་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་24རོགས་སྐྱོར་བྱེད་ཆོག་པ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་5ཡིན་པ་རེད། རང་སྐྱོང་ལྗོངས་སྲིད་གཞུང་སྡེ་ཚན་གྱིས་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་རྟེན་གཞི་དང་། ཀུན་གཏོད་བར་མཐོངས་དང་མངོན་འགྱུར་བའི་བར་མཐོངས་ཡིན་པའི་གཏན་འཁེལ་བྱས་ཚེ་ལས་གཏོད་ཁེ་ལས་ཀྱི་གྲངས་འབོར་དང་ལས་ཞུགས་མི་སྣ་བསྡུས་ཚད་སོགས་ཀྱི་ཆ་རྐྱེན་གཞིར་བཟུང་སྒོར་ཁྲི་300ནས་ཁྲི་800བར་གྱི་སྤྲོད་ཐེངས་གཅིག་གི་འཛུགས་སྐྲུན་མ་དངུལ་རོགས་སྐྱོར་བྱ་རྒྱུ་དང་། ལས་གཏོད་བྱས་རྗེས་ལོ་ལྟར་མཐོ་ཤོས་སྒོར་ཁྲི་200ཟིན་པའི་འཁོར་རྒྱུག་དོ་དམ་འགྲོ་གྲོན་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་5ཡིན་པ་རེད།

    མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ནང་ཁུལ་དུ་རང་བརྟེན་ལས་གཏོད་བྱ་རྒྱུའི་ཐད། 《བསམ་འཆར》ནང་མཐོ་སློབ་སློབ་ཐོན་སློབ་མས་གཉེར་བའི་ཁེ་ལས་ལ་དམིགས་བསལ་གྱི་ནོར་ཁྲལ་སྲིད་ཇུས་ཁྲིམས་ལྟར་བཟོས་ཏེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།