[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི།

    2018ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང“སྤྱོད་ཚུལ་བཞིའི”གནད་དོན་སྔར་བས་ཡོ་བསྲང་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-30

    ས་ཨུད་དང་གྲོང་ཨུད་དང་སྒྲིག་ཨུད་ཁག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཀྱི་ཨུ་ལྷན་དང་། གཞུང་ལས་ཁང་། ཐིང་། ཅུས་བཅས་ཁག་གི་ཏང་ཙུའུ(ཏང་ཨུད)མི་དམངས་ཚོགས་པ་ཁག་གི་ཏང་ཙུའུ། རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་མངགས་སྡོད་མངགས་གཏོང་སྒྲིག་གཞི་ཁག་བཅས་ལ། 

    2018ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར (གཤམ་དུ“དུས་ཆེན་ཆེན་པོ་གསུམ”ཞེས་བསྡུ་རྒྱུ)བཅས་འཆར་ཉེར་ཡོད་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་སྟེ་སྤྱོད་བཟང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《2018ལོའི་གནམ་ལོ་གསར་ཚེས་རིང་གི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང་།  ཀྲུང་དབྱང་སྒྲིག་ཨུད་ཀྱི《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་གཞུང་དྲང་ཡོང་བའི་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། ད་ལྟ“དུས་ཆེན་ཆེན་པོ་གསུམ”རིང“སྤྱོད་ཚུལ་བཞིའི”གནད་དོན་སྔར་བས་ཡོ་བསྲང་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། 2018ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་ངལ་གསོའི་དུས་ཚོད་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་ལ། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》བཏོན་རྗེས་ཀྱི་མཚམས་ཚིགས་གལ་ཆེན་དང་པོ་དེ་ཡང་ཡིན་པས་དུས་ཆེན་རིང་གི་སྤྱོད་བཟང་གཞུང་དྲང་འགན་ལེན་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཤིན་ཏུ་ཆེ། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས“དུས་ཆེན་ཆེན་པོ་གསུམ”རིང་སྤྱོད་བཟང་སྒྲིག་ནན་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ཤེས་རྟོགས་གང་ལེགས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་དམ་འཛིན་དང་། དམ་འཛིན་ཏན་ཏིག དམ་འཛིན་ནན་པོ་དང་། མཚམས་ཚིགས་རེ་རེ་བཞིན་བརྟན་པོར་སྲུང་བ། གནད་དོན་རེ་རེ་བཞིན་ཐག་གཅོད། དོན་དག་རེ་རེ་བཞིན་ལ་ཉེན་བརྡ་གཏོང་བ་བཅས་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཡུད་ཙམ་ཡང་མཚམས་འཇོག་མེད་པའི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཐོན་པའི་ཕན་འབྲས་ལ་སྐུལ་འདེད་གཏོང་དགོས། 

    གཉིས། བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐད་ཀྱི་བྱེད་སྟངས་གསར་པ་10དང་ལྷག་དོན་དུ་ཤོད་མང་ལ་འུད་སྒྲོག་ཆེ་བ་དང་། བྱ་སྤྱོད་ཉུང་ལ་དོན་འཁྱོལ་ཞན་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོར་དམིགས་པ། ཞིབ་བསྡུར་སྐྱོན་བཤེར་ནན་ཏན། གནད་དོན་འཚོལ་ཞིབ་གཏིང་ཟབ། ས་ཁུལ་དང་སྡེ་ཚན་དེ་གར་གནས་པའི་དཔེ་མཚོན་གནད་དོན་དང“གནད་དོན་རྙིང་པར”དམ་འཛིན་ནན་པོ་དང་དམ་འཛིན་མཐར་ཕྱིན་པ་བྱེད་པ། བྱ་བ་ཆུང་ཙག་རེ་རེ་བཞིན་ནས་དམ་འཛིན། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག སྔ་ཙམ་ནས་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན། གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་བཅས་བྱས་ནས་འགོ་འཛུགས་ས་ཆུང་ངུ་ནས་ཁྱོན་ཡོངས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་སྣེ་ཁྲིད་དེ་ཞིབ་བསྡུར་བཙལ་འཚོལ་དང་། སྣེ་ཁྲིད་དེ་དག་ཐེར་ལེགས་བཅོས་བྱས་ཏེ་རིམ་པ་སྟར་ཆགས་བཞིན་དཔེ་སྟོན་སྐུལ་ཁྲིད་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་དགོས། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ཁུར་ནས་རང་ལ་རེ་བ་ནན་པོ་འདོན་དགོས་ལ་ལས་བགོས་འགན་གཉེར་ཁྱབ་ཁོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པ་ཆེ་རུ་གཏོང་དགོས། 

    གསུམ། སྤྱོད་ཚུལ་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“དུས་ཆེན་ཆེན་པོ་གསུམ”གྱི་གོང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་སྔར་བས་ཡོ་བསྲང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཙོ་གནད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཏང་ཡོན་ལས་བྱེད་པར་དྲན་སྐུལ་དང་རེ་བ་འདོན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐད་གནས་པའི་ཏང་ཡོན་ལས་བྱེད་པའི་གནད་དོན་མངོན་གསལ་དོད་པོར་གཙོ་གནད་གྲལ་བཤེར་བྱེད་པ། མིག་མཐོང་ལག་ཟིན་ཐུབ་པའི་བྱ་ཐབས་ནན་པོ་འདོན་པ་བཅས་བྱས་ཏེ་དག་ཐེར་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། 

    བཞི། སྐབས་བརྗེའི་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས“གཏན་འགོག་ནན་པོ་དགུ་དང་མི་བལྟོས་པ་དགུའི”བླང་བྱ་ལག་ལེན་ནན་པོ་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་གཞིར་བཟུང་བྱ་བ་སྒྲུབ་པ་དང་། རྩ་འཛུགས་ཀྱི་རྩ་དོན་གཞིར་བཟུང་བྱ་བ་སྒྲུབ་པ། སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་བྱ་བ་སྒྲུབ་པ་བཅས་བྱས་ཏེ་སྐབས་བརྗེའི་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས། 

    ལྔ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ནན་དུ་གཏོང་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ས་ཁུལ་དང་སྡེ་ཚན་དེ་གའི“དུས་ཆེན་ཆེན་པོ་གསུམ”རིང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐད་ཀྱི་བྱེད་སྟངས་གསར་པ་10དང་མངོན་མེད་ངོ་འགྱུར་གྱི་སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྲོལ་ངན་སོགས་ཀྱི་སྒྲིག་འགལ་གནད་དོན་ལ་དམ་པོར་དམིགས་ནས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་གོང་ཚད་ཆེ་བའི་ཨ་རག་ཉོ་བ་དང་འཛད་སྤྱོད་བྱེད་པ་དང་། གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པ། གཞུང་འཁོར་སྒེར་སྤྱོད། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། གསབ་ཕོགས་དང་ཁ་གསབ་དངུལ་གང་བྱུང་དུ་སྤྲོད་པ་སོགས་ཀྱི་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་དམ་པོར་དམིགས་པ། གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་རྒྱན་འགྱེད་དམ་ཡང་ན་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་པའི་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་གནད་དོན་ཤེས་རྟོགས་ནུས་ལྡན་དང་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་གཏོང་དགོས། འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བཅས་དོན་འཁྱོལ་བྱས་མེད་པའི་རིགས་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་ལས་ཀར་ཞིབ་འཇུག་དང་། བཀོད་སྒྲིག ཞིབ་བཤེར། སྐུལ་འདེད་བཅས་བྱས་མེད་པའི་རིགས། ཁོངས་གཏོགས་ཁྱབ་ཁོངས་སུ“དུས་ཆེན་གསུམ”རིང་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཐོན་ནས་མཇུག་འབྲས་ངན་པ་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་ཐེབས་རིགས། ཡང་ན་ཤེས་དགོས་པའི་གནད་དོན་མི་ཤེས་པ་དང་ཤེས་ཀྱང་སྙན་ཞུ་དང་ཐག་གཅོད་བྱས་མེད་པའི་རིགས་བཅས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་དགོས་རིགས་ལ་བདའ་འདེད་མ་བཏང་བའི་རིགས་ལའང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། “དུས་ཆེན་གསུམ”རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་ཏང་སྲིད་ཀྱི་ཆད་པ་ཕོག་རིགས་དང་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱེད་རིགས་ལ་ཚང་མར་མིང་ངོ་མ་བཏོན་ནས་བརྡ་ཁྱབ་དམར་འདོན་བྱེད་དགོས། 

    དྲུག དུས་ཆེན་རིང་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་གནས་འགན་འཁྲིའི་ལམ་ལུགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་དུས་ཆེན་རིང་གི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ལས་རེས་ཀྱི་འཕྲལ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོལ་བྱུང་དོན་རྐྱེན་དང་ཛ་དྲག་གི་གནས་ཚུལ་འཕྲད་ཚེ་འཕྲལ་དུ་དགོངས་སྐོར་སྙན་སེང་ཞུ་བ། དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་ལས་དོན་ཁག་རྒྱུན་གཏན་བཞིན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། 

    ས་ཁུལ་དང་གྲོང་ཁྱེར་ཁག་གི་སྒྲིག་ཨུད་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མངགས་སྡོད་མངགས་གཏོང་བྱས་པའི་སྒྲིག་གཞི་ཁག་གིས“དུས་ཆེན་གསུམ”རིང“སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་པའི་ལས་རེས་དང་། སྙན་ཞུ། སྒྲུབ་སྐུལ་བཅས་ཀྱི་ལམ་ལུགས་བཙུགས་ནས་འབྲེལ་ཡོད་ཁུངས་སྣེ་དང་། མང་ཚོགས་ཀྱི་གླེང་ཕྱོགས། གནས་ཚུལ་གལ་ཆེན་བཅས་འཕྲལ་མ་ཉིད་དུ་རིམ་པ་བཞིན་སྙན་སེང་ཞུས་ནས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས་ཐག་གཅོད་བྱས་འབྲས་སྙན་སེང་ཞུ་དགོས། དུས་ཆེན་ཚར་རྗེས་དུས་ཐོག་ཏུ་ས་ཆ་དང་སྡེ་ཚན་དེ་གར“དུས་ཆེན་གསུམ”རིང“སྤྱོད་ཚུལ་བཞིའི”ལས་ཀའི་གནས་ཚུལ་ལ་དག་ཐེར་བྱེད་རྒྱུར་གསེད་བཀྲོལ་ཕྱོགས་བསྡུས་བྱེད་དགོས་པ་དང་འབྲེལ། ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་དང་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་2018ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་མཇུག་འགྲིལ་རྗེས་ཀྱི་ཉིན་5ཡི་ནང་རང་སྐྱོང་ལྗོངས་སྒྲིག་ཨུད(ཏང་སྲོལ་སྲིད་སྲོལ་གྱི་ལྟ་ཞིབ་ཁང་དུ་སྐྱེལ་བ)ལ་སྙན་སེང་ཞུ་དགོས། 

    རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཐེར་འདོན་ཁ་པར་ཨང་གྲངས0891—12388 ཐེར་འདོན་དྲ་ཚུགས། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་ཚུགས(WWW.XZjjW.gov.cn)

    ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས། 

    2017ལོའི་ཟླ་12ཚེས་28ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།