[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-10

    ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། རྣམ་གྲངས་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། རྣམ་གྲངས་ཀྱི་ཇུས་གཞི་དང་ཇུས་འགོད་སོགས་ལ་གྲོས་བསྡུར་ཡང་གནང་བ་རེད།

    ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ནི་རང་ལྗོངས་ཀྱི་རིག་གནས་འདུ་འགོད་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་ས་གལ་ཆེན་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཤིག་རེད་ལ། དམངས་འཚོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་འཛུགས་སྐྲུན་བྱས་ནས་སྔ་ཙམ་བསྐྲུན་པ་དང་། སྔ་ཙམ་བེད་སྤྱོད། སྔ་ཙམ་ཕན་ནུས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཚོད་རེའུ་མིག་འགོད་པ་དང་། ལས་ཡུན་ལྡོག་རྩིས་རྒྱག་པ། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

    མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་བློ་དང་རིག་གནས་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། བོད་དམག་ཁུལ་ཁང་འགན་སྲུང་པུའི་པུའུ་ཀྲང་ཧྥང་ཅན་གོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་མཚོ་སྣ་རྫོང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་བཅས་ཀྱི་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་། གཞིས་རྩེ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཀྱི་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད། ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་འཆར་འགོད་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཆེ་དགྲ་ལྷས་ཀྲུང་དབྱང་གིས་བཏོན་པའི་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ལ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱར་དམིགས་ནས་བོད་ཀྱི་དོན་དངོས་དང་། དེ་བཞིན་མི་ཆོས་རིག་གནས་ལོ་རྒྱུས་དང་། ས་ཁམས་ཁོར་ཡུག རང་བྱུང་རི་ཆུ། ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ། མཛེས་ལྗོངས་ཁུལ་གྲགས་ཅན་སོགས་དང་ཟུང་འབྲེལ་གྱིས་ཁྱད་ཆོས་སྔར་བས་མངོན་གསལ་དོད་པ་དང་ཧེ་བག་ཅན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྔོག་འདོན་གཏིང་ཟབ་ཀྱིས་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ། དེང་རབས་ཤེས་དཔལ་བཅས་གཞི་གཅིག་ཏུ་འདུས་པ་དང་ངེས་གནས་ཚན་རིག་དང་མཐུན་པ་དང་། ཁུལ་དབྱེ་ལུགས་མཐུན། ནུས་པ་འཐུས་སྒོ་ཚང་བ་བཅས་ཀྱི་རྩེར་སོན་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ་རི་ཆུ་མཐོང་རྒྱུ་ཡོད་པ་དང་ཕ་ཡུལ་སེམས་སུ་ངེས་པའི་འགན་ལེན་བྱེད་དགོས་པ་དང་། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་གསར་བརྗེའི་དྲན་ཤེས་སེམས་སུ་ཡག་པོ་ངེས་ནས་གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ་རྒྱུན་མཐུད་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་ལག་བསྟར་མངོན་གསལ་དོད་པོ་བྱས་ཏེ་ས་ཆའི་དམར་ཐིག་ནན་སྲུང་བྱེད་པ་དང་། འཆར་འགོད་ཀྱི་གཅུན་སྡོམ་རང་བཞིན་ཤུགས་ཆེར་གཏོང་བ། འཆར་འགོད་ལ་ཆོག་མཆན་ཐོབ་རྗེས་ལག་བསྟར་ནན་པོ་བྱེད་པ། སྐབས་རེ་རེ་བཞིན་ལས་དོན་ཡག་པོ་སྒྲུབ་པ། འཆར་འགོད་དང་འཛུགས་སྐྲུན་ཐ་དད་དུ་མི་འགྲོ་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་དོན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདུན་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་གོ་རིམ་ཚད་ལྡན་དང་། རང་འགན་རང་འཁུར། རང་འགན་གཙང་སྒྲུབ། ཕན་ཚུན་གཞོགས་འདེགས། ཕྱར་བ་གྲུ་འདེགས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་བཟོ་བའི་ལས་དོན་གང་མགྱོགས་སྤེལ་འགོ་འཛུགས་པ་དང་གྲོང་ཁྱེར(ས་ཁུལ)ཁག་དང་མཉམ་དུ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ལས་དོན་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།