[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་འཚམས་འདྲིའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་གནང་བ།

    ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-30

     འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་ནི་ངལ་རྩོལ་པ་དཀྱུས་མས་དཀའ་སྤྱད་ངལ་རྩོལ་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་པས་མངོན་མེད་ལེགས་སྐྱེས་ཕུལ་བ་དང་འབད་འཐབ་ལྷོད་མེད་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད། གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་28ཉིན་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁག་སོ་སོར་ལྷ་སར་དེ་སྔ་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ལེགས་སྐྱེས་ཕུལ་མྱོང་བའི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་འཐུས་མིར་འཚམས་འདྲི་གནང་བར་ཕེབས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་རྟགས་མ་སྤྲོད་ཡུལ་གྱི་འཐུས་མིར་གཟིགས་ཏེ་ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་སྟེ་ཁོང་ཚོས་ཀྲུང་ཧྭ་མི་རིགས་བཅིངས་འགྲོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བྱ་གཞག་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་ནས། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མིག་དཔེ་དང་དཔེ་བཟང་ལ་སློབ་སྦྱོང་ཞུས་ཏེ་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་ནང་དོན་ཟམ་མི་ཆད་པར་བསྣན་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    ས་གཤིས་རིག་པའི་རིགས་གཅིག་མཁས་ཅན་ཡོན་ཧྲི་རྡོ་རྗེར་2006ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་རྣམ་གཉིས་ཁོང་གི་ཁྱིམ་དུ་ཕེབས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁོང་གི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཝུའུ་དབྱིང་ཅེས་རྡོ་རྗེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་རྟགས་མ་བཏགས་ཏེ། ཁྱེད་རང་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲིར་གྱུར་པ་ནི་ཏང་གིས་ཡུན་རིང་གསོ་སྐྱོང་གནང་བའི་འབྲས་བུ་རེད་ལ། ཁྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད། ད་ཆ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཟམ་མི་ཆད་པར་མངོན་འགྱུར་ཡོང་བཞིན་ཡོད། རེ་བར་ཁྱེད་དང་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“བོད་ལ་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན་པའི”སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས། རང་ཉིད་ཀྱི་ལེགས་ཆ་དང་ཤུགས་རྐྱེན་ཐེབས་ནུས་གང་ལེགས་བཏོན་ཏེ་རང་ལྗོངས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས། 

    2006ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་དེ་སྔའི་ལྷོ་ཁ་ས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་བསོད་ནམས་སྒྲོལ་དཀར་གྱི་ཁྱིམ་དུ་ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་རྣམ་གཉིས་ཀྱིས་བསོད་ནམས་སྒྲོལ་དཀར་དང་ཁོང་གི་ནང་མི་དང་སྙིང་གཏམ་ལྷུག་པོར་གསུངས་ནས། མཉམ་དུ་རང་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་གླེང་བ་རེད། ཝུའུ་དབྱིང་ཅེས་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་སྔོན་ཐོན་དཔེ་བཟང་བ་ཚོས་རྒྱལ་ཁབ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་ནམ་ཡང་བརྗེད་མི་སྲིད་པ་དང་། ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཚོས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ་དང་། ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་རང་ཉིད་ཀྱི་ནུས་པ་བཏོན་ཏེ། བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས། བསོད་ནམས་སྒྲོལ་དཀར་གྱི་གཅུང་པོ་བསྟན་འཛིན་དར་རྒྱས་བོད་ལུགས་གསོ་རིག་ལས་ལ་གཞོལ་ནས་དུས་ཡུན་རིང་པོ་སོང་བ་དང་། ཁོང་གིས་ས་བོད་ལུགས་གསོ་རིག་སྨན་ཁང་ཞིག་བཙུགས་ཏེ་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་ཁོང་ལ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་སེམས་ལ་བཅངས་ནས་བློ་གཅིག་སེམས་གཅིག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་གོང་བཀུར་ཞུས་ཏེ་ནད་བཅོས་སྲོག་སྐྱོབ་བྱེད་པ་དང་ཆབས་ཅིག་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། 

    བགྲེས་སོང་བློ་བཟང་དབང་འདུས་ནི་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ལས་ཀར་ཞུགས་མཁན་ལས་བྱེད་པ་རྒན་གྲས་དང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ལ་ཞུགས་མཁན་ཏང་ཡོན་རྒན་གྲས་ཤིག་ཡིན་པ་དང་། ཁོང་གི་བཟའ་ཟླ་བདེ་ཆེན་ལྷ་མོ་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་བ་ཞིག་རེད། ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་རྣམ་གཉིས་ཆེད་མངགས་ཁོང་གཉིས་ལ་གཟིགས་པར་ཕེབས་ཏེ་ཁོང་གཉིས་དང་མཉམ་དུ་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་དང་མཛེས་སྡུག་ལྡན་པའི་འཚོ་བའི་སྐོར་ལྷུག་པོར་གླེང་བ་རེད། ཝུའུ་དབྱིང་ཅེས་ལས་བྱེད་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བདེན་དཔང་བ་དང་། ཞུགས་པ་པོ། གསར་གཏོད་བ་བཅས་ཡིན་པ་དང་། བོད་ལ་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་དང་མི་དམངས་ཀྱིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད། ཚང་མས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་རྒྱབ་སྐྱོར་དང་རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ནས་ཐུན་མོང་ཐོག་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་དེ་བས་ལེགས་ལ་ཏན་ཏིག་ངང་སྒྲུབ་པའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྲོ་སེམས་ཆེན་པོས་ཞབས་ཞུ་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་པ་དང་དགོས་པའི་དུས་སུ་སྨིན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་ཁོང་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། ཚེ་མཇུག་བདེ་ལ་རོལ་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས། 

    འཚམས་འདྲི་གནང་རིང་ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་རྣམ་གཉིས་ཀྱིས་གཞུང་དོན་དུ་རང་སྲོག་བློས་གཏོང་མཁན་དཔའ་བོ་དཔེ་བཟང་བ་བློ་མཐུན་ཝུན་ཡུང་ཧའེ་དང་། བློ་བཟང་ཚེ་རིང་། ཉི་རྒྱལ་བཅས་ཀྱི་གཉེན་ཉེ་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་བ་རེད། ཚང་མའི་ལས་དོན་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་རྗེས། ཝུའུ་དབྱིང་ཅེས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་སྐྱིད་ལ་རྩ་ཆེའི་ཚེ་སྲོག་བློས་བཏང་ཡོད་པས་ང་ཚོས་ནམ་ཡང་བརྗེད་མི་སྲིད། སྔོན་གཤེགས་དཔའ་བོའི་ནང་མིར་ལྟ་རྟོག་ཡག་པོ་བྱས་ཏེ་ཁོང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་སྔོན་གཤེགས་དཔའ་བོའི་ནང་མིར་ཐུགས་ཁུར་དང་ལྟ་རྟོག་ཡག་པོ་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་དང་ཁོང་ཚོར་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་རོགས་བྱེད་དགོས་ཞེས་བསྟན་གནང་བ་རེད། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕྲུ་གུ་ཚོས་ཕ་ཤུལ་བུ་འཛིན་གྱིས་སྤྱི་བདེའི་ལས་ཀའི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་མཁྱེན་སྐབས། ཝུའུ་དབྱིང་ཅེས་ཁོང་ཚོར་ཕ་མེས་འདས་པོ་ཚོའི་བསམ་འདུན་རྒྱུན་འཛིན་བྱས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད། 

    གཞན་ཡང་། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷས་ཀྱང་ཁག་སོ་སོར་ལས་རིགས་ཁག་གི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་གི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།