[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>ལོ་རྒྱུས།
  • pt1286དང་འབྲེལ་ཏེ་གཉའ་ཁྲི་བཙན་པོའི་གཟུགས་བྱད་སྐོར་གྱི་དོགས་སློང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-17

    བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་དང་འབྲེལ་བའི་ལོ་རྒྱུས་སམ་གཏམ་རྒྱུད་མང་དག་ཅིག་ཆོས་འབྱུང་དང་དེབ་ཐེར་ཁག་ཙམ་དུ་མ་ཟད་དམངས་ཁྲོད་ཀྱི་ངག་རྒྱུན་དུའང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་ན། རང་སྣང་དུ་གཉའ་ཁྲི་བཙན་པོའི་གཟུགས་བྱད་དེ་ནི་སྐབས་དེའི་གཉེན་སྒྲིག་གི་གནས་ཚུལ་འགའ་ལས་བྱུང་བའི་སྐོར་ལ་ཐེ་ཚོམ་དང་དོགས་སློང་བྱེད་མཁན་ནི་ཧ་ལམ་མེད་པ་འདྲ་བས་ན། དཔྱད་རྩོམ་འདིར་སྐབས་དེའི་གཉེན་སྒྲིག་དང་འབྲེལ་ནས་གཉའ་ཁྲི་བཙན་པོའི་གཟུགས་བྱད་ཀྱི་འབྱུང་རྐྱེན་སྐོར་ལ་དོགས་སློང་དང་ཕྱིས་ཀྱི་བཙན་པོ་རིམ་བྱོན་ཁྲོད་དུ་ནང་ཁུལ་གཉེན་སྒྲིག་གི་རུས་ཚིགས་བརྩི་སྟངས་ལ་འཕོ་འགྱུར་ཇི་ལྟར་བྱུང་ཡོད་པའི་སྐོར་མདོར་ཙམ་བཤད་པར་བྱ་རྒྱུ་དེ་ཡིན།

    དང་པོ། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་སྐོར།

    དེ་ཡང་གཉའ་ཁྲིའི་གཟུགས་བྱད་ཀྱི་སྐོར་ལ་ཡོངས་ཁྱབ་རང་བཞིན་གྱི་ཤོད་སྟངས་གཙོ་བོར་གྱུར་པ་ནི་གསང་བ་བོན་ལུགས་དང་། གྲགས་པ་ཆོས་ལུགས། ཡང་གསང་ཐེ་བྲང་གི་ལུགས་བཅས་གསུམ་ཡིན་ལ། རྒྱའི་ཡིག་ཚང་འགར་ཡང་གཉའ་ཁྲིའི་འབྱུང་ཁུངས་ཀྱི་སྐོར་ལ་ཤར་ཕྱོགས་ནས་ཡོང་བའི་འཕན་མྱི་དང་གནམ་ནས་བྱུང་བ་ཞེས་ཤོད་སྟངས་མི་འདྲ་བ་རིགས་གཉིས་ཙམ་ཡོད་པར་གསལ་མོད། ཉེ་དེང་གི་བོད་ཀྱི་རིག་པ་སྨྲ་བའི་ཁྱབ་ཁོངས་སུ་གཉའ་ཁྲི་བཙན་པོ་ནི་སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱི་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་གྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས”ཞེས་གཞན་ཡུལ་གྱི་མི་སྣ་ཞིག་ཕྱི་ནང་གི་བཀག་འགོག་ཅི་ཡང་མེད་པར་གློ་བུར་དུ་བོད་ཀྱི་རྒྱལ་པོར་གྱུར་པར་བཤད་ཡོད་ལ། ཤོད་སྟངས་གཞན་ཞིག་ནི་བོད་ཀ་གཡག་དྲུག་གི་རྗེ་བོ་དང་གཉའ་ཁྲི་བཙན་པོའི་བར་ལ་ཤ་ཁྲག་དང་རུས་རྒྱུད་ཀྱི་འབྲེལ་བ་ཡོད་པ་སྟེ། གཉའ་ཁྲི་བཙན་པོ་ནི་ཡབ་ལྷ་བདག་དྲུག་གི་ཚ་བོ་ཡིན་པར་བཤད་ཡོད་ཅིང་། གཉའ་ཁྲི་བཙན་པོ་ཉིད་བོད་ཀ་གཡག་དྲུག་གི་རྗེ་བོར་འགྱུར་དགོས་པའི་རྒྱུ་མཚན་ཡང་སྐབས་དེར་བོད་ཀ་གཡག་དྲུག་གི་རྗེ་བོའི་ཤུལ་འཛིན་མཁན་མེད་པ་གང་ཞིག་སྐབས་དེའི་བོད་ཀ་གཡག་དྲུག་ནི“ཞི་བདེ་ལྷིང་འཇགས་ཤིག་མ་ཡིན་པར་ཕྱི་ནང་གི་དཀའ་རྙོག་མང་པོ་ཞིག་ཕྲད་ཡོད་པ་དང་། དཀའ་རྙོག་དེ་དག་སེལ་པའི་ནུས་པ་གཉའ་ཁྲི་བཙན་པོ་ལ་འཛོམས”ཡོད་ཅེས་ཤ་ཁྲག་རུས་རྒྱུད་ཀྱི་འབྲེལ་བ་ལ་བརྟེན་ནས་གཉའ་ཁྲི་བཙན་པོ་ཉིད་བོད་ཀྱི་རྗེ་བོར་གྱུར་པའི་ཤོད་སྟངས་དེ་གཉིས་རེད།

    དེ་ཡང་ཤོད་སྟངས་དང་པོ་དེ་ལྟར་གཉའ་ཁྲི་བཙན་པོར་གཞན་ལས་ལྷག་པའི་ནུས་མཐུ་ཡོད་ཚེ་ཐམས་ཅད་ཀྱིས་རང་ཉིད་ལ་གནོད་ཀྱི་དོགས་ནས་དེར་དགྲ་ཡ་འཛུགས་པའི་སྤོབས་པ་ཡོད་མི་སྲིད་པ་ནི་རྣམ་ཀུན་གྱི་འཚོ་བ་ལས་ར་སྤྲོད་བྱེད་ཐུབ་ལ་དེ་བས་མཐར་སྤྱུགས་པའི་སྤོབས་པ་ནི་ག་ལ་ཡོད། གལ་ཏེ་སྐད་བརྡ་མ་འཕྲོད་པར་རིགས་གཉིས་སུ་གྱུར་པའམ་མི་རིགས་ཁག་གཉིས་ཡིན་ཚེ་ཆེ་ཆུང་གི་བྱ་བ་གང་ཞིག་སྒྲུབ་དགོས་ཀྱང་ཕན་ཚུན་འབྲེལ་འདྲིས་བྱེད་དཀའ་བ་མ་ཟད། ཕན་ཚུན་བརྡ་འཕྲོད་ཐབས་མེད་པའི་མི་སྣ་ཞིག་རྗེ་བོར་བཀུར་ག་ལ་སྲིད། གཞན་ཡང་སྐབས་དེར་བོད་ཀ་གཡག་དྲུག་ཏུ་རྗེ་བོའི་ཤུལ་འཛིན་མེད་པ་གང་ཞིག་སྤྱི་ཚོགས་ཟང་ཟིང་དུ་གནས་པའི་སྐབས་དེར་ཚོ་པ་ནང་ངོས་ནས་འཇོན་ནུས་གཉིས་ལྡན་གྱི་སྐྱེས་བུ་ཞིག་རྗེ་བོར་མི་བཀུར་བར་ཤ་ཁྲག་རུས་རྒྱུད་ཀྱི་འབྲེལ་བ་སྤུ་ཙམ་མེད་པའི་ཚོ་པ་གཞན་ཞིག་གི་མི་སྣ་རྗེ་བོར་བཀུར་མི་སྲིད་ལ། དེའི་ཕྱིར་ན་གཉའ་ཁྲི་བཙན་པོ་ནི་གློ་བུར་དུ་བྱུང་བའི་བོད་ཀ་གཡག་དྲུག་གི་རྗེ་བོ་ཡིན་པར་བཤད་ཚེ་དོན་དངོས་དང་ཅུང་ཟད་བར་ཐག་རིང་བའི་ཚོར་བ་ཞིག་སྟེར་ནུས།

    ཤོད་སྟངས་གཉིས་པ་དེར་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་བཀོད་པའི་རྒྱུ་མཚན་དུ་ཡབ་ལྷ་བདག་དྲུག་དང་གཉའ་ཁྲི་བཙན་པོའི་བར་གྱི་ཤ་ཁྲག་རུས་རྒྱུད་ཀྱི་འབྲེལ་བ་ལས་གསལ་བཤད་བྱས་ཡོད། དེ་ཡང་ཤོད་སྟངས་དེ་ནི་ཉེ་དེང་གི་མཁས་པས་ཐོག་མར་གླེང་བ་ཞིག་མ་ཡིན་པར་དེ་ནི་བོད་བཙན་པོའི་དུས་སྐབས་ཀྱི་ཡི་གེ་སྟེ། ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་དང་ཏུན་ཧོང་ཤོག་དྲིལ་pt1286སོགས་སུ་གསལ་བ་ཞིག་ཡིན་པས་ན། ང་ཚོས་བཤད་ཚུལ་གཉིས་པའི་སྒྲུབ་བྱེད་ལ་ཡང་དག་པའི་ར་སྤྲོད་བྱེད་ཐུབ་ལ། དེ་བས་ཤ་ཁྲག་རུས་རྒྱུད་ཀྱི་འབྲེལ་བར་བརྟེན་ནས་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་བཀོད་པ་དེ་ནི་དོན་དངོས་འཚོ་བའི་འཕེལ་རིམ་དང་འགྱུར་ལྡོག་དངོས་ཡིན་པའི་སྣང་ཚུལ་ཞིག་སྦྱིན་ཐུབ།

    གཉིས་པ། གཉའ་ཁྲི་བཙན་པོའི་སྐབས་ཀྱི་གཉེན་སྒྲིག་གི་རྣམ་པ་བཤད་པ།

    སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ།

    རང་རེའི་བོད་ཀྱི་ལོ་རྒྱུས་གླེང་བའི་སྐབས་སུ་རིག་པ་སྨྲ་བ་འགའ་རེས‘གནམ་གྱི་ཁྲི་བདུན’གྱི་མཚན་གྱི་ཁྱད་ཆོས་ལ་བརྟེན་ནས་མ་རྒྱུད་སྤྱི་ཚོགས་ཀྱི་དུས་སྐབས་སུ་ཡིན་པར་བཤད་ན། “མ་རྒྱུད་སྤྱི་ཚོགས་ཀྱི་སྐབས་སུ། རིགས་རྒྱུད་ཚོགས་པ་ཀུན་གྱི་སྲོག་ཤིང་ནི་སྐྱེས་མ་ཡིན་པར་མ་ཟད། སྐྱེས་མ་གང་ཞིག་འཇིག་རྟེན་མཐུན་འཇུག་གི་ལས་ལ་རོལ་ན། སྐྱེས་པ་དེ་ནི་རིགས་རྒྱུད་གཞན་གྱི་མི་ཡིན་དགོས་པ་དང་། གྲོགས་ཡུན་ཡང་རིང་པོ་ཡོད་མི་སྲིད་པས། བྱིས་པ་རྣམས་ནི་ཨ་ཕ་སུ་ཡིན་མི་ཤེས”པའི་དུས་སྐབས་ཤིག་ཡིན་པས་ན། གཉའ་ཁྲི་བཙན་པོའི་མེས་པོ་རྣམས་ཀྱི་གནས་ཚུལ་ནི་དེ་བས་ཀྱང་ཤོད་དཀའ་བའི་གནད་ཅིག་ཏུ་ལྷུང་ངེས་ཡིན་ཡང་། དེ་ལས་ལྡོག་སྟེ་སྐབས་དེ་ཤེད་ཀྱི་གཉའ་ཁྲིའི་ཡབ་དང་མྱེས་པོ་སུ་ཡིན་ལྷང་དུ་འབུས་ནས་ཡོད་ལ། གནས་ངེས་མེད་དུ་འགྲོས་ནས་འཇིག་རྟེན་མཐུན་འཇུག་གི་ལས་ལ་གཞོལ་བའི་འོ་དེ་གུང་རྒྱལ་ཡང་བཙུན་མོ་སུ་ཞིག་དང་འགྲོགས་ནས་སྲས་གང་ཞིག་འཁྲུངས་པའི་སྐོར་ཀྱང་མངོན་སུམ་དུ་གསལ་རྒྱུ་ཡོད་པས་སྐབས་དེ་ནི་མ་རྒྱུད་སྤྱི་ཚོགས་ཀྱི་ཁོངས་སུ་གཏོགས་པར་བཤད་པ་ནི་ཡང་མི་དག་པར་སེམས།

    གཉིས། གཉེན་སྒྲིག་གི་རྣམ་པ།

    གཉའ་ཁྲི་བཙན་པོའི་ཡབ་མེས་ཀྱི་དུས་སྐབས་སུ་འབངས་སམ་དམངས་ཁྲོད་དུ་གཉེན་སྒྲིག་གི་ལུགས་སྲོལ་ཇི་ལྟ་བུའི་ཚུལ་དུ་གནས་ཡོད་པ་ང་ཚོས་རྟོགས་པར་དཀའ་ན་ཡང་། གོང་གསལ་གྱི་གཉའ་ཁྲིའི་འབྱུང་ཁུངས་ལས་སྐབས་དེ་ཤེད་ཀྱི་དབང་སྒྱུར་བའི་གྲལ་རིམ་དུ་ཚོ་པ་ཕན་ཚུན་དབར་ལ་གཉེན་སྲོལ་གྱི་འབྲེལ་བ་བཙུགས་ཡོད་པ་མ་ཟད། དེ་བས་ཚོ་དཔོན་གཉིས་ཀྱི་རུས་རྒྱུད་དབར་ཡུན་རིང་གི་གཉེན་ཉེའི་འབྲེལ་བ་འཛུགས་ཀྱིན་ཡོད་པ་ར་སྤྲོད་ཐུབ། གཉའ་ཁྲིའི་ཡབ་མེས་རྣམས་ཀྱི་བཙུན་མོ་ནི་ཕན་ཚུན་ཤ་ཁྲག་རུས་རྒྱུད་གཅིག་གི་མི་ཡིན་པ་གང་ཞིག་རུས་རྒྱུད་གཉིས་ཀ་ནི་ཚོ་ཁག་སོ་སོའི་དབང་སྒྱུར་གྲལ་རིམ་པ་ཞིག་ཡིན་ཞིང་། དེ་ནི་ཕལ་ཆེར་རུས་རྒྱུད་ཚོ་པའམ་ཡང་ན་ཚོ་པ་ཁག་གཉིས་ཀྱི་བར་ལ་གཉེན་ཉེའི་ཐབས་ལ་བརྟེན་ནས་མནའ་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ཕན་ཚུན་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་བྱ་རྒྱུ་གང་ཞིག་ཚོ་པ་ཁག་གཉིས་སྟོབས་ཤུགས་གཅིག་ལ་བསྒྲིལ་ནས་གཅིག་ཕན་གཅིག་རོགས་ཀྱིས་གཞན་གྱི་ཚོ་པའི་བཙན་འཛུལ་དང་འཐབ་རྩོད་འགོག་ཆེད་མི་ཤུགས་དང་དངོས་ཤུགས་གཉིས་ཀྱི་མཐུན་རྐྱེན་སྐྲུན་ཆེད་ཡིན་པའང་འདྲ།

    གསུམ་པ། གཉེན་སྒྲིག་གི་རྐྱེན་ལས་བྱུང་བའི་གཉའ་ཁྲི་བཙན་པོའི་གཟུགས་བྱད།

    གཅིག ཉེ་དུ་གཉེན་སྒྲིག་གི་སྐྱོན་ཆ།

    དེ་ཡང་བོད་རིགས་འདུས་སྡོད་དུ“སྤྱིར་ཡུལ་གྲུ་ཚང་མར་ཉེ་དུ་གཉེན་སྒྲིག་བྱས་ཚེ་སྤུན་མཆེད་ལ་འཛེམ་རྒྱུ་མེད་པ་ཀླ་ཀློ་དང་འདྲ་ཟེར་ལ། དེ་ལྟར་ཧ་ཅང་ཐ་ཤལ་གྱི་སྤྱོད་ཚུལ་ཞིག་ཏུ་བརྩི་ཡི་ཡོད་ལ་འཛེམ་བྱར་བཟུང་གི་ཡོད། ཡུལ་གྲུ་མང་ཆེ་བར་ཕ་ཚན་མི་རབས་བདུན་བརྒྱུད་དང་མ་ཚན་མི་རབས་ལྔ་བརྒྱུད་ཚུན་ཆད་དུ་གཉེན་སྒྲིག་བྱ་མི་ཆོག་པ་དང་། གལ་སྲིད་མི་རབས་བདུན་ནམ་ལྔ་བརྒྱུད་ཚུན་ཆད་དུ་ཕོ་མོའི་འབྲེལ་བ་བྱུང་བའམ་གཉེན་སྒྲིག་བྱས་ཚེ་དམེ་བྱས་པའམ་དམ་ཉམས་ཁ་སྦྱོར་རམ་ཐན་གཏོང་ཟེར་ནས་ནག་ཉེས་ཆེན་པོ་ཡོད་མཁན་ནམ་ལྟས་ངན་པ་ལ་བརྩིས་ཏེ་ཁྲིམས་འགལ་ཉེས་ཅན་ལྟར་གནས་དབྱུང་གཏོང་བའམ་ཡང་ན་ཀོ་བཏུམས་བརྒྱབ་ནས་གཙང་པོར་བསྐྱུར་བའི་ལུགས་སྲོལ་ཡོད་སྐད”དེ་ལྟར་རང་རེའི་བོད་ཀྱི་ཡུལ་ལུང་ཚང་མར་གཉེན་ཉེ་དུའི་བར་ལ་གཉེན་སྒྲིག་བྱེད་པར་ཆེས་མ་མཐའི་རུས་ཚིགས་ཀྱི་ཚད་གཞི་བཟུང་བ་དེ་ཡང་དེང་གི་ཚན་རིག་གམ་གསོ་རིག་ལག་རྩལ་གྱིས་ཀྱང་ཡང་དག་ཡིན་པའི་བདེན་དཔང་བྱས་ཡོད་པ་མ་ཟད། “གཉེན་ཚན་བར་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་ལས་རྒྱུད་འཛིན་ནད་གཞི་ཕོག་ཚད་ལྡབ་གསུམ་ཡན་ཟིན་པ་དང་། གཉེན་ཚན་བར་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་འཆི་ཚད་དང་ཡ་མ་གཟུགས་སུ་འགྱུར་ཚད་ནི་གཉེན་ཚན་མིན་པའི་བར་གཉེན་སྒྲིག་བྱས་པ་ལས་ལྡབ་150%ཡིས་མཐོ་བ་ཡོད”ཅེས་གསུངས་ཡོད་ཅིང་། དེ་ལྟར་ལོ་ཟླ་ཞག་གི་ལོ་རབས་མང་པོའི་ཉམས་མྱོང་དང་ཚན་རིག་གི་བདེན་དཔང་། དེ་བཞིན་ཁྲིམས་ལུགས་ཀྱི་གསལ་བཤད་སོགས་ལས་ཉེ་དུ་གཉེན་སྒྲིག་བྱས་ཚེ་དེ་ནི་ངོ་ཚའི་རྒྱུ་ཙམ་དུ་མ་ཡིན་པར་རྗེས་རབས་ཀྱི་བདེ་ཐང་ལ་རྒྱུན་གཏན་མ་ཡིན་པའི་གནད་དོན་མང་དག་ཅིག་ཡོང་གིན་ཡོད་པ་ར་སྤྲོད་བྱས་ཡོད།

    གཉིས། ཉེ་དུ་གཉེན་སྒྲིག་ལས་བཟོས་པའི་གཉའ་ཁྲིའི་གཟུགས་བྱད།

    གཉའ་ཁྲི་བཙན་པོའི་གཟུགས་བྱད་དང་འབྲེལ་བའི་སྐོར་ལ་ཡོངས་བསྒྲགས་རང་བཞིན་དུ་ཞལ་གཅིག་མཐུན་དུ་གྱུར་པ་ལྟ་བུས་གསུངས་ཡོད་པ་སྟེ། གསང་བ་བོན་གྱི་ལུགས་སུ་pt1286(0030-0041)ལས། “ལྷ་གནམ་གྱི་སྟེང་ན་གཤེགས་པའ། གནམ་ལྷབ་ཀྱི་བླ་ན།……རྒྱལ་པོ་གཞན་དང་མྱྀ་མཚུངས་པའྀ་ཆོས། པྱག་མཉེད་ཁྲུང་ཁྲུང་གྀས་འཚལ་ཞྀང་། སླེ་བ་འོད་ཀྱིས་ལེན”ཞེས་གསུངས་ཡོད་ཅིང་། ལོ་རྒྱུས་ཀྱི་ཡིག་ཚང་ཁག་སྔ་ཕྱིའི་གོ་རིམ་བསྒྲིགས་ནས་བལྟས་ཚེ། མིག་སྔའི་ཆར་ཏུན་ཧོང་གི་ཤོག་དྲིལ་དེ་ནི་གཉའ་ཁྲིའི་གཟུགས་བྱད་ཀྱི་སྐོར་བརྗོད་པའི་ཡིག་ཆ་ཆེས་སྔ་ཤོས་ཤིག་ཡིན་པར་བཤད་ཆོག་ལ། གསང་བ་བོན་ལུགས་ཀྱི་འདོད་ཚུལ་དེ་ནི་རང་རེའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་གསལ་བའི་གཉའ་ཁྲིའི་འབྱུང་ཁུངས་གླེང་བའི་ལྟ་ཚུལ་ཐོག་མའམ་ས་སྐྱེས་རྡོ་སྐྱེས་སུ་གྱུར་པའི་བོན་ལུགས་ཀྱི་ལྟ་ཚུལ་ཞིག་ཀྱང་རེད།

    དེ་ལྟར་གཉའ་ཁྲིའི་འབྱུང་ཁུངས་གླེང་བའི་འདོད་ཚུལ་དེ་དག་ལ་གཉའ་ཁྲི་བཙན་པོའི་གཟུགས་བྱད་ཀྱི་སྐོར་ལ་མང་ཉུང་དང་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་ལས་གཞན་དང་མི་མཚུངས་པའི་ཆོས་སམ་གཟུགས་བྱད་ཅིག་ཡོད་པར་གླེང་ཞིང་། དེ་དག་ལས་ང་ཚོར་གསལ་བཤད་བྱེད་ཐུབ་པ་ནི་གཉའ་ཁྲི་བཙན་པོའི་གཟུགས་བྱད་ནི་ཀུན་དང་མི་མཐུན་པའི་ཡ་མ་གཟུགས་ཀྱི་རང་བཞིན་ཞིག་ཡིན་པར་བསྟན་ཡོད།

    འོ་ན་གཉའ་ཁྲི་བཙན་པོའི་གཟུགས་བྱད་དེ་ལྟར་དུ་ཡོང་དགོས་པའི་རྒྱུ་མཚན་ཅི་ཞིག་ལགས་སམ་ཞེས་ན། དེ་ནི་གཉའ་ཁྲིའི་ཡབ་མེས་རྣམས་ཀྱི་དུས་སུ་གཉེན་ཉེ་ནང་ཁུལ་ལ་གཉེན་སྒྲིག་བྱས་པའི་རྐྱེན་ཞིག་ཡིན་ཏེ། ཡབ་ལྷ་བདག་དྲུག་གིས་དམུ་ཡུལ་ནས་དམུ་བཙུན་གྲི་སྨན་བཙུན་མོར་བསུས་རྗེས་སུ་སྲས་མིང་སྲིང་བརྒྱད་སྐྱེས་པ་ལས་བར་གྱི་བདུན་ཚིགས་ཞང་པོ་དམུ་ཡི་ཡུལ་དུ་སྤྱུགས་པས་ཞང་པོ་དམུ་རྗེ་བཙན་པོའི་སྲས་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བཞེས་ཏེ་གཉའ་ཁྲི་བཙན་པོ་འཁྲུངས་པར་བཤད་པས་ན། གཉའ་ཁྲིའི་ཡབ་མེས་རྣམས་ཀྱི་བཙུན་མོ་ནི་ཤ་ཁྲག་རུས་རྒྱུད་གཅིག་པའི་མི་ཡིན་པ་མ་ཟད་ཞང་པོ་ཞེས་པ་ནི་ཨ་མའི་ཕུ་བོའམ་ནུ་བོ་ལ་གོ་དགོས་ཤིང་། དེ་རྣམས་ནི་མི་རབས་གཅིག་གམ་རུས་ཚིགས་གཅིག་གི་སྟེང་དུ་གནས་པའི་སྤུན་མཆེད་ཡིན་པ་གསལ་བཤད་བྱེད་ཐུབ་པས། གཉའ་ཁྲི་བཙན་པོའི་ཡབ་དང་ཡུམ་གཉིས་ཀྱང་རུས་ཚིགས་གཅིག་གམ་མི་རབས་གཅིག་ལ་གནས་པའི་སྤུན་མཆེད་ཀྱི་འབྲེལ་བ་ཞིག་ཡིན་པ་ཤེས་རྟོགས་བྱེད་ཐུབ་པས་ན། གོང་དུ་གསལ་བའི་ཉེ་དུ་གཉེན་སྒྲིག་གི་སྐྱོན་ཆ་ལས་གཉའ་ཁྲི་བཙན་པོའི་གཟུགས་བྱད་ནི་དེ་ལྟའི་རྐྱེན་ལས་བྱུང་བར་སྙམ།

    ལ་ལས་གཉའ་ཁྲི་བཙན་པོའི་གཟུགས་བྱད་ནི་ཉེ་དུ་གཉེན་སྒྲིག་ལས་བཟོས་པའི་རྒྱུ་རྐྱེན་ཞིག་མིན་པར་དེ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་ཡིན་ལ། རང་རེའི་ལོ་རྒྱུས་ཀྱི་ཐོག་ཏུ་གཟུགས་བྱད་དེ་ལྟ་བུ་བྱས་པ་གཉའ་ཁྲི་བཙན་པོ་ཙམ་མ་ཡིན་པར་སྔར་གྲི་གུམ་བཙན་པོའི་དུས་སུ་རུ་ལས་སྐྱེས་ཀྱིས་ཀླུ་སྲིན་བྱེ་མ་ལག་རིང་ལས་སྤུར་བླུ་བའི་བླུད་མར་མིའི་བུ་མོ་ལ་མིག་བྱ་མིག་བཞིན་ཡོད་པ་གཅིག་སྤྲད་ཅེས་ཟེར་ཡང་སྲིད་པས། ང་ཚོས་དེ་དང་འབྲེལ་བའི་ལོ་རྒྱུས་ཁག་ལ་བལྟས་ཚེ་གཉའ་ཁྲི་བཙན་པོ་དང་ཁོང་གི་ཡབ་མེས་ཚོའི་ཉེ་དུ་གཉེན་སྒྲིག་ལྟ་བུའི་གསལ་ཁ་དེ་ཙམ་མེད་པས་ན་ང་ཚོས་དེ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་རེད་ཅེས་ཁ་ཚོན་གཅོད་དཀའ་བའི་གནད་ཅིག་ཡིན་པས། དེ་ནི་ཉེ་དུ་གཉེན་སྒྲིག་གི་རྒྱུ་རྐྱེན་ནམ་ཡང་སྐབས་དེ་ཤེད་ཀྱི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པའང་དོགས་སློང་བྱས་ཆོག་ལ། དེ་བས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་པ་དེ་ནི་བོད་ལ་གདོད་མ་ནས་ཡོད་པའི་བཤད་སྲོལ་ཞིག་ཡིན་ནམ་ཡང་ན་ཕྱིས་སུ་བྱུང་བའི་བཤད་སྲོལ་གང་ཡིན་ཤེས་རྟོགས་བྱེད་དགོས་པའི་གནད་ཅིག་རེད།

    གཞན་ཡང་ང་ཚོས་ཏུན་ཧོང་གི་ཡིག་རྙིང་pt1286ལ་འཁོད་པའི་སྤུ་རྒྱལ་བཙན་པོའི་བཙུན་མོ་རྣམས་ཀྱི་མཚན་བྱང་ལ་གཞིགས་ཚེ། ཁྲི་ཐོག་རྗེ་བཙན་མན་གྱི་བཙུན་མོ་སོ་སོའི་མཚན་བྱང་ལས་གསལ་བཤད་བྱེད་ཐུབ་པར་ཉེ་དུ་གཉེན་སྒྲིག་གི་ལུགས་སྲོལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་སྟེ་ཕ་རྒྱུད་རུས་ཚིགས་བདུན་དང་མ་རྒྱུད་རུས་ཚིགས་བཞི་ཞེས་པའི་བརྩི་སྟངས་ལྟ་བུ་ཞིག་ཏུ་འཕོ་འགྱུར་བྱུང་ཡོད་པ་ཤེས་རྟོགས་བྱེད་ཐུབ་ཅིང་། དེ་ཡང་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ནང་དོན་ལ་གཞིགས་ཚེ་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན། དར་མ་འུ་དུམ་བརྟན་བཅས་ཀྱིས་བཙུན་མོ་མང་པོ་བསུས་ཡོད་པ་མ་ཟད། བཙུན་མོ་འགའ་རེའི་རུས་རྒྱུད་ནི་རང་ཉིད་ཀྱི་ཡུམ་དང་རུས་ཚན་གཅིག་ཏུ་འགྱུར་པ་ཡོད་པ་མཐོང་ཐུབ་མོད། དེ་དག་གིས་རིགས་རྒྱུད་སྐྱེ་སྲིང་ངམ་རིགས་སྲས་འཁྲུངས་ཡོད་མེད་ལ་བལྟས་ཚེ། མང་དག་གཅིག་ནི་བཙུན་མོའི་མིང་ཙམ་ལས་རིགས་སྲས་འཁྲུངས་མེད་པ་ཤེས་ལ། དེ་བས་བཙན་པོ་རྣམས་ཀྱིས་མི་རབས་བཞིའམ་ལྔའི་ནང་ཚུན་དུ་གྱུར་པའི་མ་རྒྱུད་ཀྱི་བཙུན་མོ་རྣམས་ལ་རིགས་སྲས་སྤེལ་མེད་པ་མཐོང་ཐུབ་ཅིང་། དེ་དག་ལས་བཙན་པོ་དེ་རྣམས་ཀྱི་དུས་སྐབས་ཙམ་ནས་ཉེ་དུ་གཉེན་སྒྲིག་བྱེད་པར་འཛེམ་བྱ་བྱེད་པའི་འདུ་ཤེས་ཆགས་ཡོད་པ་ཤེས་ཐུབ་ལ། དེ་བས་རང་ཉིད་ཀྱི་གཉེན་ཚན་དུ་གྱུར་པའམ་ཞང་ཕྱོགས་ཀྱི་བཙུན་མོ་མང་དག་ཅིག་བསུ་བའི་རྒྱུ་མཚན་ཡང་སྐབས་དེ་ཤེད་ཀྱི་བདེ་འཇགས་དང་ཕན་ཚུན་གྱི་རོགས་རེས། ཡིད་རྟོན་སོགས་ཕྱོགས་ཡོངས་ལ་དམིགས་པར་སེམས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།