[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • རྒྱ་བོད་ཡིག་སྒྱུར་ལས་དཔེ་ཆོས་ཡིག་སྒྱུར་ལ་འཇུག་ཐབས་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-17

    དཔེ་ཆོས་ནི་མི་རིགས་ཤིག་གི་རིག་གནས་བང་མཛོད་ནང་གི་ངོ་མཚར་ཆེ་བའི་ནོར་བུ་ཞིག་ཡིན་ཅིང་། འདི་ནི་སྤྱིར་བོད་ཀྱི་འཆད་རྩོད་རྩོམ་གསུམ་ལ་འཇུག་པའི་སྒོ་མོ་ཁྱབ་ཆེ་ལ་སྒོས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི་སྐྲུན་པར་རམ་འདེགས་བྱེད་པའི་རིག་གནས་དང་། སློབ་གསོ། སྒྱུ་རྩལ། རྩོམ་སྒྱུར་སོགས་སྤེལ་བ་ལ་དཔེ་ཆོས་བཀོལ་སའི་ཁྱབ་ཁོངས་ཇེ་ཆེར་སོང་ཡོད། དེར་བརྟེན་ངེད་ཚོ་ལོ་ཙཱ་བ་ཞིག་གི་ངོས་ནས་ངེས་པར་དུ་འདིའི་ཐད་ལ་སྦྱངས་པ་མཐར་ཕྱིན་བྱས་ནས་མི་རིགས་ཕན་ཚུན་དབར་གྱི་རིག་གནས་བརྒྱུད་སྤེལ་ཡང་དག་བྱ་རྒྱུར་འབད་པ་ཧུར་ལེན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེའོ།

    དང་པོ། དཔེ་ཆོས་ཀྱི་གོ་དོན་དང་དེའི་ཁྱད་ཆོས།

    དཔེ་ཆོས་ཞེས་པ་ནི་བརྗོད་བྱའི་དོན་གྱི་རང་བཞིན་དང་ཁྱད་ཆོས་རྣམས་དཔེ་ཡི་སྒོ་ནས་གསལ་བར་སྟོན་པའི་ཚིག་སྦྱོར་རམ་ཡང་ན་མི་རྣམས་ཀྱི་ངག་རྒྱུན་དུ་དར་བའི་ལོ་རྒྱུས་རིང་ལ་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚེག་བར་བཞི་ཅན་གཙོ་བོར་གྱུར་པའི་ཚིག་སྦྱོར་གནད་ཆེན་རིགས་དང་མིང་གི་ཚོགས་པ་གཏན་ཆགས་ཅན་དག་ལ་ཟེར་ཞིང་། དེ་ལ་ཁྱད་ཆོས་མངོན་པར་གསལ་བ་གསུམ་ཡོད་དེ།

    གཅིག ཁ་དམ་ལ་གཏིང་ཟབ་པ།

    དེ་ཡང་མིང་གི་ཚོགས་པ་སྤྱིར་བཏང་བ་ཞིག་ཡིན་ན་ཚོགས་པ་དེར་གྲུབ་པའི་མིང་སོ་སོ་བའི་དོན་བསྲེས་ཙམ་སྟོན་པ་ཡིན་པས་གོ་སླ། དཔེར་ན། ཀུན་དགའ་མཉམ་སྤྲོ་皆大欢喜ཟེར་བའི་ཀུན་དགའ་དང་མཉམ་སྤྲོ་མིང་གཉིས་ཀའི་དོན་བསྲེས་ན་སྐྱེ་བོ་ཀུན་དགའ་ཞིང་སྤྲོ་བར་མཉམ་དུ་ལོངས་སུ་སྤྱོད་པ་ཉིད་ཀྱི་དོན་རེད། འོན་ཏེ་དཔེ་ཆོས་ཕལ་ཆེར་ནི་མིང་གི་ཚོགས་པ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཅུང་གོ་དཀའ་བ་དང་དུས་མཚུངས་དཔེ་ཆོས་དེ་གའི་ནང་དོན་ཚིག་ངོས་ལ་ཁ་དམ་ལ་དོན་དངོས་སུ་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་ཏེ། དཔེར་ན། སྟག་འཇིགས་ཝས་འཁྱེར་狐假虎威ཅེས་པའི་སྟག་དང་འཇིགས་པ་ཝ་དང་འཁྱེར་བ་མིང་འདི་བཞི་བོའི་དོན་བསྲེས་ན་སྟག་གི་འཇིགས་པ་ཝ་ཡིས་འཁྱེར་བ་ཟེར་བ་ཙམ་ཁ་ཤིན་ཏུ་དམ་རུང་དེའི་ཤུགས་སུ་བསྟན་པའི་གོ་དོན་དངོས་དེ་ནི་ཝ་མོས་སྟག་གི་འཇིགས་པ་བེད་སྤྱད་ནས་རང་དོན་སྒྲུབ་པ་ཡིན་མོད་ཚིག་གཏིང་གི་དོན་ནི་མི་ངན་པ་དག་གིས་བཙན་པོ་དབང་ཅན་རྒྱབ་ཏུ་བསྟེན་ནས་གཞན་ལ་ཐུབ་ཚོད་བྱེད་པའི་དཔེ་བསྟན་པ་ཡིན་ནོ།

    གཉིས། ཡུན་རིང་ལ་གཏན་ཆགས་པ།

    དཔེ་ཆོས་ཕལ་ཆེར་བྱུང་རབས་སྔ་ལ་བརྡ་སྤྲོད་པའི་ནུས་པ་ཆེ་བས་མི་དམངས་རྒྱ་ཆེ་བས་བཤད་དགའ་ཐོས་དགའ་རྩོམ་དུ་འཇུག་དགའ། འོན་ཏེ་རྣམ་པ་ཅི་འདོད་དུ་སྒྱུར་མི་རུང་། མིང་གི་ཚོགས་པའི་ཡ་གྱལ་ཇེ་མང་དུ་བཏང་ན་དཔེ་ཆོས་ཀྱི་ཁྱད་ཆོས་ཤིག་འགྲོ་བ་དང་ཇེ་ཉུང་དུ་བཏང་ན་དོན་གྱི་གསལ་ཆ་མངོན་མི་ཐུབ། དཔེར་ན། ལྕོང་མོའི་ལུས་ཅན་虎头蛇尾ཞེས་པའི་དོན་ནི《པད་མའི་ཚལ་གྱི་ཟློས་གར》ལས་ཐོས་བསམ་ལྕོང་མོའི་ལུས་དང་འདྲ་མགོ་བོ་ཆེ་སྟེ་མཇུག་མ་ཕྲ་ཞེས་བྱ་བ་གང་བྱེད་ཀྱང་བསྒྲིམས་ཀྱང་རིམ་གྱིས་ལྷོད་དེ་དོན་མེད་དུ་འགྱུར་བའི་དཔེ་དེས་དཔེ་ཆོས་ཀྱི་སྦྱོར་བ་གཏན་ཆགས་པ་ཡིན་པས་མིང་གི་ཚོགས་པའི་ཡ་གྱལ་སྣོན་འཕྲི་བརྗེ་སྤོར་གང་ཡང་བྱེད་མི་རུང་སྟེ་ལྕོང་མོ་མགོ་རྡོག་གམ་ལྕོང་མོ་ཐོམ་བུ་འདྲ་སྦལ་པའི་ལྕོང་མོའི་དབྱིབས་ཅན་མི་ཡི་ལུས་ཅན་སོགས་སུ་བསྒྱུར་ན་དཔེ་ཆོས་དེའི་དོན་སྤུ་ཙམ་ཡང་སྟོན་མི་ཐུབ། དེས་ན་བོད་ཀྱི་རིག་གནས་ཀྱི་མཐོང་སྣང་དང་སྐད་ལུགས་ལྟར་དུ་བྱས་ན་སྟག་མགོ་ལུག་མཇུག(མགོ་ཡོད་མཇུག་མེད)ཅེས་དམངས་ཀྱི་ཁ་རྒྱུན་དུ་སྔར་ནས་འཇགས་ཟིན་པ་འདི་ལྟར་བསྒྱུར་ན་བརྗོད་བདེ་ལ་གོ་བདེ་བའི་ཁྱད་ཆོས་ལྡན་པས་དེར་ཡུན་རིང་གཏན་ཆགས་ཀྱི་རང་བཞིན་ལྡན་ཡོད།

    གསུམ། ཚིག་ཉུང་ལ་སྡེབ་སྦྱོར་ལེགས་པ།

    དཔེ་ཆོས་ལ་ཚེག་བར་བཞི་ཅན་ཧ་ཅང་མང་སྟེ། ཉ་ཉུང་མཉམ་བསྲེས། ཁ་ཆག་སྣ་རལ། ཕྱར་བ་གྲུ་འདེགས། ཡོད་དགུ་རྩལ་སྤྲུགས་ལྟ་བུ་སོགས་བརྗོད་པ་ཧ་ཅང་བདེ་ཞིང་རོལ་དབྱངས་ཀྱི་སྙན་ཆ་ཐོན་པའི་སྡེབ་སྦྱོར་ལེགས་པར་གྲུབ། དཔེར་ན། སྤོ་སྒྱེལ་རྨོ་སློང་另立山头ཞེས་པའི་སྒྲ་ཀུན་ལྕི་བ་དང་གེགས་སེལ་བོགས་འདོན་除障兴运ཞེས་པའི་སྒྲ་ཀུན་ཡང་བས་བརྗོད་བདེ་བ། སྟོད་ལངས་སྨད་འགྱེལ་东倒西歪ཞེས་པའི་སྒྲ་ལྕི་ཡང་བསྣོལ་ནས་སྦྱར་བ། སྐུད་པ་རྨེལ་རྨེལ་小心翼翼ཞེས་པ་བར་མ་ཆོད་པའི་ཟུང་ལྡན་སྦྱར་བས་ཉམས་གསལ་བར་ཐོན་པ། མགོན་མེད་སྐྱབས་བྲལ་孤苦伶仃ཅེས་པ་ཕྱེད་སྔ་ཕྱིའི་དོན་གཅིག་ཀྱང་ཚིག་བསྐོར་ནས་བཟློས་སྐྱོན་གསལ་ཞིང་བསྣན་ཆ་ཐོན་པ། སྦལ་བ་རྨ་ཅན་害群之马ཞེས་པ་དབྱངས་ཨ་ངེས་པས་མཆུ་ཁ་མཉམ་པའི་བདེ་བ་སྟེར་བ། འབོལ་ཉོ་དཀོན་འཚོང་贱买贵卖ཞེས་པ་དབྱངས་ཨོ་ངེས་པས་དུ་བ་ལང་ལོང་དུ་དགུང་དུ་འཕྱུར་བའི་ཉམས་ཐོན་པ་སོགས་སྐད་ཆ་བཤད་པའམ་རྩོམ་ཡིག་འབྲི་བའི་སྐབས་སུ་དཔེ་ཆོས་དང་སྦྱར་ནས་མཚོན་དོན་གང་ཞིག་མཚོན་པར་བྱས་ན་རྗོད་བྱེད་སྐད་ཆ་རྣ་བར་སྙན་ཞིང་བརྗོད་དོན་གསལ་ལ་གོ་སླ་བ། ཉམས་དགའ་བ། དོན་བསྡུས་ལ་གནད་ཆེ་བའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ཕྱིར་གཏམ་དཔེ་ལྟར་འཇུག་པ་ཧ་ཅང་ཁྱབ་ཆེའོ།

    གཉིས་པ། དཔེ་ཆོས་ཀྱི་སྒྱུར་ཐབས་སྤྱིར་བསྟན་པ།

    སྤྱིར་རྒྱ་བོད་ལོ་ཙཱ་དང་བོད་རྒྱ་ལོ་ཙཱ་གང་ཞིག་ཡིན་རུང་དཔེ་ཆོས་ལོ་ཙཱ་ནི་ཆེས་དཀའ་བ་ཞིག་རེད། དེ་ཡང་དེའི་དཀའ་ས་ནི་ནང་དོན་མིན་པར་གཙོ་བོ་རྣམ་པ་རེད། དཔེ་ཆོས་དཔེ་ཆོས་སུ་མ་བསྒྱུར་ན་ཚིག་ཉམས་པ་དང་དོན་ཡང་ཉམས་འགྲོ དེའི་ཕྱིར་དཔེ་ཆོས་ལོ་ཙཱ་ལ་དཔེ་ཆོས་རང་ཉིད་ཀྱི་སྒྱུར་ཐབས་འོས་ཤིང་འཚམ་པར་སྤྱད་དེ་མི་རྣམས་ལ་གོ་བདེ་ལ་རྟོགས་སླ་བ་ཞིག་ཏུ་སྒྱུར་ཐུབ་པ་བྱེད་དགོས། དེ་ཡང་དཔེ་ཆོས་ལོ་ཙཱ་བྱེད་པར་ཐོག་མར་དཔེ་ཆོས་ཧྲིལ་པོར་གོ་བ་ཡང་དག་དང་གཏིང་ཟབ་ལེན་དགོས། གལ་སྲིད་དཔེ་ཆོས་ཀྱི་ནང་དོན་ལ་གོ་བ་ཡང་དག་ལེན་མ་ཐུབ་པར་དེ་དག་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་བྱེད་པ་དེ་ནི་ཆེས་དགོད་བྲོ་བ་ཞིག་ཡིན། དེས་མ་ཟད་འགའ་ཤས་ཀྱིས་བསྒྱུར་བྱའི་དཔེ་ཆོས་དེ་ལ་གོ་བ་རྩ་བ་ནས་ལོན་མ་ཐུབ་པར་རང་སྣང་གང་ཤར་གྱིས་དེ་འདྲ་ཞིག་ཡིན་གྱི་རེད་ཨང་སྙམ་ནས་བློ་རྩེ་གཉིས་སུ་གྱེས་རུང་ཨ་ན་ཨུ་ཚུགས་ཀྱིས་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་བྱེད་ཀྱི་ཡོད། གལ་སྲིད་དེ་འདྲ་བྱས་ན་མ་ཡིག་གི་བརྗོད་བྱའི་དོན་དེ་དང་རང་ཉིད་ཀྱིས་བསྒྱུར་བའི་བུ་ཡིག་གི་མཚོན་བྱའི་དོན་གཉིས་སྤྱིར་ན་རྒྱབ་འགལ་དུ་ཕྱིན་པའི་སྣང་ཚུལ་མང་པོ་ཞིག་ཐོན་སྲིད། དེ་ཡང་དཔེ་ཆོས་འགའ་ཤས་ཐད་ཀར་ཚིག་ངོས་ནས་གོ་བ་ལོན་ཐུབ་སྟེ། དཔེར་ན། 好吃懒做ཞེས་པ་ལྟོ་ལ་དགའ་ཞིང་སྒྱིད་ལུགས་ཆེ་བ་ཞེས་པར་ང་ཚོས་རྒྱའི་དཔེ་ཆོས་ཧྲིལ་པོའི་ཚིག་ངོས་ནས་དེའི་བརྗོད་བྱའི་ནང་དོན་དེ་རྟོགས་ཐུབ། འོན་ཏེ་དཔེ་ཆོས་འགའ་ཤས་ཚིག་ངོས་ནས་དེའི་བསྟན་དོན་ཚིག་གཅིག་ཀྱང་གོ་མི་ཐུབ་པ། དཔེར་ན། 胸有成竹ཞེས་པ་དོན་དངོས་ཐོག་གདེང་ཚོད་ཡོད་པ་ཞེས་པའི་དོན་ཡིན་རུང་ཁག་གཅིག་གིས་དེ་ཚིག་ངོས་ནས་གོ་བ་བླངས་ཏེ་བྲང་ཁོག་གི་སྨྱུག་མ་དང་། བྲང་སྟེང་གི་སྨྱུག་མ། བྲང་ཁོག་ཏུ་སྨྱུག་མ་ཆགས་པ་སོགས་མ་ཡིག་དང་གོ་ལྡོག་ཏུ་གྱུར་པའི་ནང་དོན་དུ་མ་ཞིག་ཏུ་གོ་བ་ལེན་གྱི་ཡོད། གལ་སྲིད་དེ་ལྟར་གོ་བ་བླངས་ཏེ་བོད་ཡིག་ཏུ་ཕབ་སྒྱུར་བྱས་ན་རྒྱའི་སྐད་ཆའི་ཁྱད་ཆོས་དང་མ་མཐུན་པ་མ་ཟད་རིག་གནས་དེ་ཡང་དག་པོ་དང་ཆ་ཚང་པོའི་སྒོ་ནས་ཀློག་པ་པོར་བརྒྱུད་སྤྲོད་བྱེད་མི་ཐུབ། དེ་ཡང《བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག》ལས“སྒྱུར་ཐབས་ཀྱི་གོ་རིམ་བསྟན་པའི་ནང་ཡིག་སྒྱུར་གྱི་བྱ་བ་གང་ཞིག་ཡིན་རུང་ཐོག་མར་བརྒྱུད་དགོས་པའི་རིམ་པ་ནི་གཉིས་ལས་མ་འདས་ཏེ་བསྒྱུར་བྱའི་མ་ཡིག་ལ་གོ་བ་འཁྲུལ་མེད་ཅིག་ལེན་རྒྱུ་དང་སྒྱུར་བྱེད་སྐད་ལ་གནད་དུ་འཁེལ་བ་ཞིག་ཕབ་རྒྱུ་དེ་ཡིན”ཞེས་གསུངས་ཡོད། དེར་བརྟེན་སྤྱིར་དཔེ་ཆོས་ལོ་ཙཱ་བྱེད་སྐབས་དང་ཐོག་མར་ངེས་པར་དུ་མ་ཡིག་གི་བརྗོད་བྱའི་ནང་དོན་ལ་གོ་བ་གཏིང་ཟབ་དང་ཡང་དག་ལེན་དགོས་པ་ལས་སྐད་དང་ཡི་གེའི་ཚིག་ངོ་ཁོ་ནར་གོ་བ་ལེན་མི་རུང་བ་ནི་གལ་འགངས་ཆེ་བའི་གནས་ལུགས་ཤིག་ལགས།

    གཅིག དོན་སྒྱུར་བྱེད་ཐབས།

    དེ་ཡང་དོན་འགྲེལ་ཚུལ་གྱིས་སྒྱུར་ཐབས་ཞེས་ཀྱང་བརྗོད་དེ་རྒྱ་སྐད་དུ་意译或解释性翻译方法ཞེས་བརྗོད། རྒྱ་སྐད་ཀྱི་དཔེ་ཆོས་ལ་ལ་རྒྱའི་རིག་གནས་ཁྲོད་དུ་བརྗོད་བདེ་ཞིང་ཁ་གསལ་བ་དང་དེའི་རིགས་ལ་རིག་གནས་ཀྱི་རྒྱབ་ལྗོངས་སམ་འབྱུང་ཁུངས་ཁྱད་པར་ཅན་ཞིག་ཡོད་པས་ཐད་སོར་བསྒྱུར་མི་ཐུབ། དཔེ་ཆོས་དེ་རིགས་ཀྱི་ཚིག་དོན་ནི་བོད་ཀྱི་རིག་གནས་དང་བོད་ཀྱི་འཚོ་བའི་དབར་འབྲེལ་བ་དེ་ཙམ་མེད་པས་ཐད་ཀར་བསྒྱུར་མི་ཐུབ་ལ་དེ་དང་བསྟན་དོན་དོ་མཉམ་པའི་བོད་ཀྱི་དཔེ་ཆོས་ཞིག་རྙེད་དཀའ་བས་གཡར་སྒྱུར་ཡང་བྱེད་མི་ཐུབ། དཔེ་ཆོས་དེ་དག་འཕྲད་པའི་སྐབས་སུ་དཔེ་ཆོས་ཀྱི་ནང་དོན་གང་ཡིན་པ་དེ་ཁོ་ནར་སྒྱུར་དགོས་པ་དང་སྐབས་རེ་འགྲེལ་བཤད་རྒྱག་པའི་ཚུལ་དུ་ཡང་སྒྱུར་དགོས། དཔེར་ན། 画龙点睛ཞེས་པ་ཐད་ཀར་འབྲུག་བྲིས་པའི་སྟེང་མིག་ཕྱེ་བ་ལྟ་བུ་མིན་པར་བོད་ཀྱི་དཔེ་ཆོས་ཀྱི་འགྲོ་ལུགས་དང་བསྟུན་ནས“དོན་གནད་འཁེལ་བ”འམ“གནད་ལ་འཁེལ་བ”ཞེས་བསྒྱུར་ན་འོས་ཤིང་འཚམ་ལ་བོད་མི་རང་གིས་གོ་བདེ་བ་ཞེས་པའི་ལོ་ཙཱའི་ཚད་གཞི་དང་ཡང་མཐུན་ཆ་ཆེ་བར་སྙམ། ཡང་དཔེར་ན། 鳄鱼之泪ཞེས་པ་དོན་སྒྱུར་མ་བྱས་པར་ཐད་སྒྱུར་བྱས་ན་ཆུ་སྲིན་གྱི་མིག་ཆུ་ཞེས་ཡིན་པས་དེ་ལས་ང་ཚོས་ནང་དོན་ཏིལ་འབྲུ་ཙམ་ཞིག་ཀྱང་གོ་མི་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་ཆུ་སྲིན་ལ་མིག་ཆུ་ཞེས་པ་གང་འདྲ་ཞིག་ཡོད། ཆུ་སྲིན་ལ་ཡང་སྙིང་མིག་ཆུ་ཡོད་དམ་སྙམ་པའི་ཐེ་ཚོམ་དང་དོགས་འཆར་ཞིག་སྐྱེ་སྲིད། དེར་བརྟེན་ང་ཚོས་དེ་ངེས་པར་དུ་དོན་སྒྱུར་བྱ་རྒྱུ་ལས་མ་འདས་ཏེ། 鳄鱼之泪ཞེས་པ་བོད་ཡིག་ཏུ་བསྒྱུར་ན་མ་སྡུག་སྡུག་མདོག་བྱེད་པ་ཞེས་པའི་དོན་ཡིན་པས་ང་ཚོས་ཀྱང་དཔེ་ཆོས་དེའི་ནང་དོན་ཇི་བཞིན་བསྒྱུར་བ་ལས་ཚིག་ངོས་སུ་བསྟན་པའི་ཆུ་སྲིན་གྱི་མིག་ཆུ་ཞེས་པའི་ནོར་འཁྲུལ་བ་དེ་རིགས་སྤོང་དགོས་སོ། ཡང་དཔེར་ན། 初出茅庐ཞེས་པ་ཚིག་ངོས་ཀྱི་བསྟན་དོན་ཁོ་ནར་བལྟས་ན་དེའི་བརྗོད་བྱ་གཙོ་བོའམ་བསྟན་བྱའི་དོན་སྙིང་པོ་དེ་གང་ཡིན་ལ་མ་ལྟོས་པར་སྤྱིལ་བུ་ལས་ཐོག་མར་ཐོན་པ་ལྟ་བུར་ཐད་སྒྱུར་བྱས་ན་དེ་ནི་ཆེས་དགོད་བྲོ་ལ་བསྟན་དོན་བསྐྱར་མཚོན་མི་ཐུབ། དེར་བརྟེན་ང་ཚོས་ངེས་པར་དུ་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་ལ་རྒྱུས་མངའ་མཐིལ་ཕྱིན་པ་ཡོང་བར་བྱས་ཏེ་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པའི་ཐོག་ནས“ལས་དང་པོ་བ”ཞེས་པར་བསྒྱུར་ན་མ་ཡིག་གི་བསྟན་དོན་མཚོན་ཐུབ་ལ་བོད་སྐད་ཀྱི་ལུགས་དང་ཡང་མཐུན་ནོ།

    གཉིས། ཐད་སྒྱུར་དང་གཡར་སྒྱུར་བྱེད་ཐབས།

    དེ་ཡང་ཐོག་མར་ཐད་སྒྱུར་ལ་མིང་གཞན་མཉམ་མཚུངས་སམ་དོ་མཉམ་གྱི་སྒྱུར་ཐབས་ཀྱང་བརྗོད། རྒྱ་སྐད་ལ་直译ཡང་ན་等值翻译ཞེས་བརྗོད་ཀྱིན་འདུག འདིར་ང་ཚོས་རྒྱའི་དཔེ་ཆོས་རིགས་མི་འདྲ་བ་གཉིས་བོད་ཡིག་ཏུ་ཐད་སྒྱུར་བྱ་ཆོག་སྟེ། གཅིག་ནི་རྒྱ་བོད་ཡིག་རིགས་གཉིས་ཀའི་རིག་གནས་ཀྱི་ནང་དུ་གནའ་ནས་བྱུང་ཡོད་ཅིང་དངོས་བསྟན་དང་ཤུགས་བསྟན་ཚང་མ་འདྲ་མཚུངས་ཡིན་པའི་གཏམ་དཔེ་དེ་དག་ཐད་སྒྱུར་བྱས་ཆོག དཔེ་ཆོས་དེ་དག་ལ་རྒྱ་བོད་མི་རིགས་གཉིས་ཀའི་རིག་གནས་ཀྱི་ནང་དུ་ཐུན་མོང་གི་ཁྱད་ཆོས་ཡོད་པ་དང་དཔེ་དང་དཔེ་ཅན་སྦྱར་ཚུལ་ཡང་འདྲ་མཚུངས་ཡིན། དཔེ་ཆོས་དེ་དག་ནི་གཙོ་བོ་རྒྱུན་གཏན་་གྱི་འཚོ་བའི་ཁྲོད་དུ་མཐོང་ཐུབ་པའམ་མྱོང་ཐུབ་པའི་བྱ་དངོས་དག་ལས་བྱུང་བ་ཡིན་ཏེ། གཤམ་གསལ་གྱི་དཔེར་བརྗོད་འདི་དག་དཔེ་ཆོས་དེ་གའི་ཚིག་ངོས་ཀྱི་ནང་དོན་དེ་ཐད་ཀར་རྒྱ་སྐད་ཀྱི་ཚུལ་དུ་བསྒྱུར་ན་ཆོག་སྟེ། 表里如一ཁ་ཞེ་གཉིས་མེད། 同甘共苦སྐྱིད་སྡུག་མཉམ་མྱོང་། 以身作则རང་དཔེ་གཞན་སྟོན་སོགས་ལྟ་བུའོ། གཅིག་ཤོས་ནི་དཔེ་ཆོས་འདི་དག་ལ་འབྱུང་ཁུངས་ཁྱད་པར་ཅན་མེད་ལ་དངོས་བསྟན་དང་ཤུགས་བསྟན་གྱི་ཁྱད་པར་ཡང་མེད་པས་ཐད་སྒྱུར་བྱས་ཆོག་སྟེ། དཔེར་ན། 德才兼备སྤྱོད་ཡོན་གཉིས་ལྡན། 百年大计ལོ་བརྒྱའི་ཇུས་ཆེན། 实事求是དངོས་ཐོག་བདེན་འཚོལ། 拨乱反正ཟིང་བཅོས་ཡོ་བསྲང་། 家破人亡མི་ཤི་ཁྱིམ་སྟོང་། 四面八方ཕྱོགས་བཞི་མཚམས་བརྒྱད་སོགས་གོང་གི་དཔེ་ཆོས་དེ་དག་ལ་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྱུང་ཁུངས་ཁྱད་པར་ཅན་དམིགས་བསལ་མེད་ཅིང་ཚིག་དོན་དང་བསྟན་དོན་གྱི་ཁྱད་པར་མེད་པ་དང་དུས་རྒྱུན་གྱི་འཚོ་བའི་ནང་སྐྱེ་བོ་ཕལ་ཆེ་བས་གོ་ཐུབ་པ་བཅས་ཡིན་པས་དེ་ལྟར་ཐད་སྒྱུར་བྱས་པས་ཆོག ཡང་དཔེར་ན། 世世代代ཚེ་ཚེ་རབས་རབས་དང་། 百花齐放百家争鸣མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་། 一心一意བློ་གཅིག་སེམས་གཅིག་སོགས་ལྟ་བུ་དཔེ་ཆོས་མང་པོ་ཐད་སྒྱུར་བྱེད་དགོས་རིགས་ཐད་སྒྱུར་བྱས་ན་བརྗོད་བདེ་ལ་ནང་དོན་རྟོགས་སླ་བའི་ཁྱད་ཆོས་ལྡན།

    གཡར་སྒྱུར་ནི་དཔེ་ཆོས་ཡིག་སྒྱུར་ཁྲོད་ཀྱི་སྒྱུར་ཐབས་གལ་ཆེན་ཞིག་ཡིན། དཔེ་ཆོས་མང་པོ་ཞིག་ལ་དུས་རབས་ཀྱི་ཁྱད་ཆོས་དང་། རིག་གནས་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྱུང་ཁུངས་ཁྱད་པར་ཅན་བཅས་ཡོད་པ་དང་ཚིག་དོན་དང་བསྟན་དོན་གྱི་ཁྱད་པར་ཡང་ཧ་ཅང་གསལ་པོ་ཡིན་པས་དཔེ་ཆོས་དེ་རིགས་ཐད་བསྒྱུར་བྱས་ན་ཀློག་པ་པོས་གོ་དཀའ་བར་གྱུར། དེར་བརྟེན་རྒྱ་ཡིག་གི་དཔེ་ཆོས་དེ་རིགས་བོད་སྐད་དུ་སྒྱུར་སྐབས་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་བསྟན་དོན་དོ་མཉམ་པའི་སྒོ་ནས་བསྒྱུར་བ་ལ་སྤྱིར་གཡར་སྒྱུར་ཞེས་བརྗོད་པའམ་གཟུགས་འགྱུར་རམ་ཡིག་འགྱུར་གྱི་སྒྱུར་ཐབས་ཞེས་བརྗོད། རྒྱ་སྐད་དུ་变体成语翻译ཡང་ན་替换翻译法ཞེས་བརྗོད་དེ། དཔེར་ན། གཤམ་འཁོད་དཔེ་ཆོས་དེ་དག་ཚང་མ་ལུས་འགྱུར་གྱི་དཔེ་ཆོས་སྒྱུར་ཐབས་ཁོངས་སུ་གཏོགས་ཏེ། 班门弄斧སངས་རྒྱས་ལ་ཀ་ཁ། ཉི་མར་སྒྲོན་མེ། 鱼目混珠ཉ་ཉུང་མཉམ་བསྲེས། 杀鸡儆猴ར་བསད་ལུག་འདར་ལ་སོགས།

    དཔེ་ཆོས་ཡིག་སྒྱུར་ནི་མིང་དང་ཚིག་གི་ཚོགས་པའི་ཡིག་སྒྱུར་བྱེད་སྟངས་དང་གཅིག་མཚུངས་ཡིན་ཏེ། དེ་ཡང་འགྱུར་ཡིག་གི་བསྟན་དོན་གནད་ལ་འཁེལ་བ་དང་ཡང་དག་ལ་འོས་ཤིང་འཚམ་པ་ཞིག་ཡོང་ཕྱིར་མ་ཡིག་གོང་འོག་གི་སྐད་ཆའི་ཁོར་ཡུག་གམ་བརྡ་ཡུལ་ལ་བསྟུན་དགོས། བསྒྱུར་བྱ་གཅིག་མཚུངས་ཀྱི་དཔེ་ཆོས་དེ་ཡང་སྐད་ཆ་གོང་འོག་གི་ཁོར་ཡུག་མི་འདྲ་བའི་སྐབས་སུ་བསྟན་པའི་ནང་དོན་ཡང་མི་འདྲ་བ་ཡོད་པས་དེའི་སྒྱུར་སྟངས་ཀྱང་མི་འདྲ་བ་ཡོད་པ་དཔེར་ན། 粗枝大叶ལྟ་བུར་མཚོན་ན་སྤྱི་ཁོག་ཙམ་དང་། རབ་བེ་རོབ་བེ། ཧ་རེ་ཧུ་རེ་སོགས་སྒྱུར་ཚུལ་མང་བས་སྐད་ཆའི་ཁོར་ཡུག་དང་བསྟུན་ནས་སྒྱུར་དགོས།

    གསུམ་པ། དཔེ་ཆོས་ཡིག་སྒྱུར་གྱི་དགོས་གལ་རང་བཞིན།

    དཔེ་ཆོས་ལོ་ཙཱ་ནི་གོང་དུ་བརྗོད་པ་བཞིན་མི་རིགས་ཕན་ཚུན་དབར་གྱི་རིག་གནས་དང་དེའི་རྒྱབ་ལྗོངས། ལོ་རྒྱུས་ཀྱི་གནད་དོན། རྩོམ་རིག་བརྩམས་ཆོས་ཀྱི་གོ་བདེ་བའི་ཆ་དང་རྣ་བར་སྙན་པའི་ཁྱད་ཆོས་སོགས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དེ་ལ་《དཔེ་ཆོས་ཚིག་མཛོད》ལས“དུས་རབས་བཅུ་གཅིག་པའི་དགེ་བའི་བཤེས་གཉེན་པོ་ཏོ་བ་མཚན་དངོས་རིན་ཆེན་གསལ་དུ་འབོད་པ་མཆོག་གིས་བརྡ་སྤྲོད་པར་དཔེ་ཆོས་ཀྱི་ནུས་པ་ཆེ་བར་མཐོང་ནས་སློབ་མ་རྣམས་ལ་བཀའ་གདམས་པའི་བྱང་ཆུབ་ལམ་རིམ་འཆད་ཉན་མཛད་པའི་གོ་རིམ་དུ་བབ་དང་བསྟུན་ནས་དཔེ་ཆོས་གང་མང་སྦྱར་ནས་གསུངས་པས་ཚིག་ཉུང་ལ་དོན་རྒྱས་པ། བློ་ལ་འཛིན་བདེ་ཞིང་རྒྱུད་ལ་གཟུངས་ཐེབས་པའི་གོ་ཆེན་པོ་ཆོད་པར་གྲགས”ཅེས་གསལ་བ་ལྟར་དཔེ་ཆོས་ནི་མི་རིགས་ཤིག་གི་རིག་གནས་ཁྲོད་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད་པ་དང་དེ་ལོ་ཙཱ་བྱས་ན་སྤྱིར་མི་རིགས་འདི་གའི་རིག་གནས་དེ་གྱང་ངོས་དཀར་པོར་མཛེས་རིས་ཀྱིས་ཕྱུག་པར་བྱས་པའི་ཚོན་རྩི་བྱུག་པ་བཞིན་ལྟ་མཁན་ངོས་ནས་མིག་ལ་མཛེས་པ་མ་ཟད་ཀློག་མཁན་ངོས་ནས་བརྗོད་པ་ཁ་ལ་བདེ་བ་དང་ཉན་མཁན་ངོས་ནས་ཚིག་སྦྱོར་རྣ་བར་སྙན་འཇེབས་ལྡན་ཞིང་བརྗོད་བྱའི་ནང་དོན་གཏིང་ཟབ་པ་དང་རྟོགས་སླ་བའི་ཁྱད་ཆོས་ཡོད། རྒྱ་སྐད་ཀྱི་དཔེ་ཆོས་གཅིག་བོད་སྐད་དུ་ཡང་དག་པར་བསྒྱུར་ཐུབ་ན་བོད་མི་རིགས་ཀྱི་དཔེ་ཆོས་ཀྱི་རིག་གནས་ཕུན་སུམ་ཚོགས་སུ་འགྲོ་ལ་བོད་མི་རྣམས་ཀྱི་སྐད་བརྡའི་རིགས་དབྱེའམ་ནང་དོན་ཡང་ཕུན་སུམ་ཚོགས་སུ་འགྲོ་བས་ང་ཚོས་ངེས་པར་དུ་དཔེ་ཆོས་ལོ་ཙཱ་ལ་མཐོང་ཆེན་དང་ནུས་པ་གང་ཡོད་འདོན་སྤེལ་བྱེད་དགོས། ལྷག་དོན་དུ་ང་ཚོས་དཔེ་ཆོས་དོན་སྒྱུར་བྱེད་སྐབས་ཤིན་ཏུ་ནས་སྣང་འཇོག་བྱེད་དགོས་པ་ཞིག་ལ་བསྒྱུར་བྱའི་མ་ཡིག་དེར་ངེས་པར་དུ་གོ་བ་གཏིང་ཟབ་ལོན་པའི་རྨང་གཞིའི་སྟེང་རྒྱ་ཡིག་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་བྱས་ཏེ་སྒྱུར་བྱེད་བུ་ཡིག་དེ་ནང་དོན་གནད་ལ་འཁེལ་ཞིང་བརྗོད་པ་བདེ་བ་དང་ལྷག་པར་བོད་མི་རྣམས་ཀྱིས་གོ་བདེ་བ་ཞིག་ངེས་པར་ཡོང་བ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཏུ་མཐོང་ངོ་།(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ། སྐལ་བཟང་མཆོག་སྐྱིད)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།