[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • རྒྱ་བོད་མིང་བརྡ་སྒྱུར་ཐབས་སྐོར་གྱི་བསམ་གཞིག་འགའ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་བུ་ཆུང་།    |    སྤེལ་དུས།   2018-10-24

    སྤྱིར་ན་རང་རེའི་སྐད་དང་ཡི་གེ་ནི་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། འོན་ཀྱང་། ཚན་རིག་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བྱ་དངོས་གསར་པ་མང་དུ་ཐོན་པ་དེ་དག་ལ་རང་རེའི་སྐད་དང་ཡི་གེའི་ལམ་ནས་ཤ་རེར་འཇུག་པའི་ཐ་སྙད་རེ་ཐོག་མ་ཉིད་ནས་མེད་ཙ་ན། གསར་ཐོན་བྱ་དངོས་དེ་དག་རང་ཅག་གི་འཚོ་བའི་ཁྲོད་དུ་སྤྱོད་སྐབས་རང་རེའི་སྐད་དང་ཡི་གེའི་སྲོལ་དང་མཐུན་པའི་ཐ་སྙད་རེ་མེད་ཐབས་མེད། གལ་སྲིད་གསར་ཐོན་བྱ་དངོས་དེ་དག་ལ་རང་རེའི་སྐད་ཡིག་ནས་བརྡ་ཆད་ཚད་ལྡན་རེ་ཁྱོན་ཡོངས་ནས་བཀོལ་ཐུབ་ཚེ། གཅིག་ནས་རང་རིགས་ཀྱི་སྐད་དང་ཡི་གེའི་ཐ་སྙད་དེ་བས་ཕུན་སུམ་ཚོགས་སུ་གྱུར་ཐུབ་པ་དང་། གཉིས་ནས་རང་རེའི་སྐད་ཡིག་འདི་ཡང་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་སོང་ནས་མ་ཉམས་གོང་འཕེལ་ཡོང་རྒྱུར་ཕན་པ་ཤིན་ཏུ་ཆེ།

    དེས་ན། གསར་ཐོན་བྱ་དངོས་དེ་དག་ལ་རང་རེའི་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་པའི་ཐ་སྙད་རེ་བཀོལ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། དེ་ཁྱབ་གདལ་གཏོང་རྒྱུ་ནི་རང་རེས་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། དེའི་ཕྱིར། གཞུང་ཕྱོགས་དང་། ཚོགས་སྤྱི། མི་སྒེར་སོགས་ཀྱིས་སྤྱི་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ། མིང་བརྡ་གསར་པ་ཐོན་རིམ་བཞིན་བོད་སྐད་དུ་བསྒྱུར་བ་མ་ཟད། བསྒྱུར་བ་བཞིན་སྤྱི་ཚོགས་སྟེང་གཅིག་གྱུར་ཁྱབ་སྤེལ་ཡོང་སླད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏང་དང་གཏོང་མུས་ཡིན། དེ་ལྟ་བུའི་སྦྱོར་བ་ནི་བོད་སྐད་ཡིག་གི་བརྡ་ཆད་གསར་པ་གསོ་བའི་མཐུན་རྐྱེན་ཡིན་ལ། བོད་སྐད་ཀྱི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་གྱུར་བའི་ཉེར་ལེན་གྱི་རྒྱུ་ཁོ་ནའོ།

    འོན་ཀྱང་། ཐ་སྙད་གསར་པ་ནི་རང་རིགས་ཀྱི་སྐད་བརྡའི་ཁོར་ཡུག་ཏུ་སྔོན་ནས་མེད་པའི་བརྡ་ཆད་ཅིག་བོད་སྐད་དུ་བསྒྱུར་ནས་ཕན་ཚུན་གོ་བརྡ་སྤྲོད་པར་སྤྱོད་པའི་ཐ་སྙད་ཅིག་ཡིན་པས། དེ་ལྟའི་ཐ་སྙད་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ངེས་པར་དུ་ཕྱོགས་མང་པོའི་གནད་དོན་ལ་བསམ་གཞིག་བྱས་ནས་ཀུན་གྱིས་བཀོལ་སླ་ལ་གོ་བདེ་བ་ཞིག་ཏུ་མ་བསྒྱུར་ཚེ། སྤྱོད་བདེ་དང་གོ་བདེ་ཕར་བཞག དོན་ལ་འཁྲུལ་བ་བསྐྱེད་པའི་ཉེས་པ་འབྱུང་སྲིད། དེས་ན། ཁོ་བོས་ཡིག་སྒྱུར་ལག་ལེན་ལ་ཅུང་ཟད་ཞུགས་པ་ལས་ཐོབ་པའི་ཉམས་མྱོང་འགའ་དང་འབྲེལ་ནས་རྒྱ་བོད་མིང་བརྡ་སྒྱུར་ཐབས་སྐོར་ལ་བསམ་གཞིག་ཕྲན་བུ་བྱས་པ་འདི་ལྟ་སྟེ།

    གཅིག ཡིག་སྒྱུར་གྱི་ཐབས་ཤེས་སྤྱོད་སྟངས་ཀྱི་སྐོར།

    དང་པོ། གང་ལ་གང་འཚམ་གྱི་ཐབས་སྤྱོད་པ།

    ཆོས་དང་འཇིག་རྟེན་གང་ཞིག་ཡིན་རུང་དངོས་པོ་གསར་པ་ཞིག་སྤྱོད་སྐབས་དེའི་དོན་དང་ཡོངས་སུ་མཐུན་པའི་བརྡ་ཆད་ཅིག་རང་གི་སྐད་ཀྱི་ཐོག་ནས་ཁྱབ་གདལ་ཡོང་རྒྱུ་གལ་ཆེ། སྐབས་བབ་ཀྱི་བརྗོད་བྱར་གྱུར་པའི་རྒྱ་བོད་མིང་བརྡའི་ཡིག་སྒྱུར་ནི་སྐད་རྐྱང་པའམ་མིང་བརྡ་འབའ་ཞིག་གི་ཡིག་སྒྱུར་ཡིན་སོང་བས་འདིའི་སྐབས་སུ་དོན་སྒྱུར་དང་སྒྲ་སྒྱུར་གཉིས་སྤྱོད་ཆེ་བར་སྣང་། དེས་ན། ཐ་སྙད་གསར་པ་ཡིག་སྒྱུར་སྐབས་ང་ཚོས་སྤྱོད་ཆོག་པའི་ཐབས་ཤེས་གཙོ་བོ་དོན་སྒྱུར་དང་སྒྲ་སྒྱུར་གཉིས་ལས“དོན་སྒྱུར་ནི་སྒྲ་རིག་པ་དང་ཆོས་ཀྱི་གཞུང་དང་མི་འགལ་བའི་ཐོག་བརྗོད་དོན་མ་ནོར་བར་སྟོན་ཐུབ་པ་དང་། རྗོད་བྱེད་ཀྱི་ཚིག་གསལ་ཞིང་། བོད་མི་རང་ཉིད་ཀྱིས་གོ་བདེ་བ་གཙོ་བོར་བྱ་དགོས”ཞེས་གསུངས་པ་བཞིན། ཐ་སྙད་གསར་པ་དོན་སྒྱུར་བྱེད་པའི་སྐབས་སུ་མ་ཡིག་གི་བརྗོད་དོན་གསལ་བར་རྟོགས་རྗེས་རང་རེའི་སྐད་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་དགོས་པའི་རྨང་གཞིའི་ཐོག་བརྗོད་དོན་མ་ནོར་བར་སྟོན་ཐུབ་པ་དང་། རྗོད་བྱེད་ཚིག་གསལ་ཞིང་། བོད་མི་རང་ཉིད་ཀྱིས་གོ་བདེ་བ་ཞིག་ཏུ་བསྒྱུར་རྒྱུ་བཅས་ནི་ངེས་པར་དོན་ཐོག་ཏུ་འཁྱོལ་དགོས་པའི་གནད་དོན་ཤ་སྟག་གོ དོན་སྒྱུར་གྱི་བརྒྱུད་རིམ་ཁྲོད་དང་ཐོག་ཐ་སྙད་དེ་ཉིད་དོན་སྒྱུར་བྱས་ན་འཚམ་པོ་ཡོད་མེད་ལ་བསམ་གཞིག་བྱེད་དགོས་ཏེ། གལ་ཏེ་དོན་སྒྱུར་བྱས་ནས་གོ་དོན་གསལ་བར་མི་སྟོན་ཞིང་། དོན་གཞན་དང་འཁྲུལ་ཤས་ཆེ་བ་སྟེ། དཔེར་ན། “鸭子”བྱ་གག་ཏུ་དོན་སྒྱུར་བྱས་པ་ནི་མི་འཐད་དེ་བྱ་གག་ཅེས་པ་ནི་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“ཆུའི་བྱ་གག་ཅེས་པ་ཆུ་བྱ་དང་། སའི་བྱ་གག་ཅེས་པ་ཁྱིམ་བྱ་དེ་ཕོ། བྱ་གག་ཅེས་པ་གྲོང་ནང་དུ་འབབ་ཅིང་ཐག་རིང་པོར་འཕུར་ཐུབ་པའི་བྱ་སྤྱིའི་མིང་ཡིན” ཞེས་གསུངས་པ་ལས་བྱ་གག་ཅེས་པ་བྱ་རིགས་གཅིག་ཁོ་ནའི་མིང་ཡིན་པར་ཐག་བཅད་མེད་པས“鸭子”བྱ་གག་ཏུ་བསྒྱུར་ན་བརྗོད་དོན་མི་ནོར་བར་སྟོན་མི་ཐུབ་ཅིང་། བོད་མི་རང་ཉིད་ཀྱིས་ཀྱང་དོན་གསལ་བར་མི་གོ་བས་རང་ཅག་གི་ངག་རྒྱུན་དུ“鸭子”ལ“ཡ་ཙེ”ཞེས་སྒྲ་སྒྱུར་བྱས་ཏེ་གོམས་ཡོད་པ་དེ་བསྐྱུར་ནས་བཙན་གྱིས་དོན་སྒྱུར་བྱེད་དགོས་དོན་མེད་པར་སྣང་བ་དང་། “小白菜”ཞེས་པར་ཚལ་དཀར་ཆུང་ངུ་ཞེས་སུ་དོན་སྒྱུར་བྱས་པ་ནི་གཅིག་ནས་དོན་དང་འགལ་ཏེ“白菜”ཞེས་པའི་ནང་གི“白”ཞེས་པས་སྐབས་འདིར་ཚལ་དེ་རིགས་ཀྱི་མདོག་དཀར་པོ་ཡིན་པར་མི་སྟོན་པས“ཚལ་དཀར”ཞེས་སུ་བསྒྱུར་ན་མདོག་དཀར་པོ་ཡིན་པའི་ཚལ་རིགས་གཞན་དང་ནོར་ཉེན་ཆེ་བས་བརྗོད་དོན་གོ་བརྡ་སྤྲོད་པར་འགོག་རྐྱེན་ཐོན་སྲིད་པས“小白菜”ཞེས་པར་རང་རེའི་སྐད་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྱུར་ཞིང་བོད་མི་རྣམས་ཀྱིས་གོ་དོན་བདེ་བླག་ཏུ་རྟོགས་པའི་ཐ་སྙད“པད་ཚལ་ཆུང་ངུ”ཞེས་སུ་སྒྲ་དོན་ཟུང་བསྒྱུར་བྱས་ན་མི་འོས་པ་གང་ཡང་མེད་ལ་ཁྱབ་སྤེལ་གཏོང་བའི་ངལ་བའང་འཁུར་མི་དགོས་པ་ཡིན་ནོ། གཞན་ཡང་། རྒྱ་སྐད་དུ“西红柿”དང་། དབྱིན་སྐད་དུ“TOMATO”རུ་འབོད་པར་བོད་སྐད་དུ་དབྱིན་སྐད་སྒྲ་སྒྱུར་དབང་གིས“ཀྲོ་མ་ཀྲུ”ཞེས་གྲགས་ཀྱང་ཁག་གཅིག་གིས“ལྡུམ་སྒོང”དུ་བསྒྱུར་བ་སོགས་ནི་དོན་གོ་བར་ངལ་བ་བསྣན་པ་ཁོ་ནར་སེམས།

    དེར་བརྟེན། བོད་ལ་སྔར་ནས་མེད་པའི་དངོས་པོ་ཞིག་གི་ཐ་སྙད་བོད་སྐད་དུ་སྒྱུར་སྐབས་ངེས་པར་དུ་གང་ལ་གང་འཚམ་གྱི་ཐབས་སྤྱོད་པ་ལས་ཨ་ན་ཨུ་ཚུགས་ཀྱིས་དོན་སྒྱུར་ཁོ་ན་བྱས་ཚེ་དོན་སྒྱུར་བྱས་པ་ཙམ་ལས་དངོས་སུ་ཁྱབ་སྤེལ་གཏོང་དཀའ་ཞིང་། ལྷག་དོན་དུ་སྒྲ་སྒྱུར་བྱས་ཟིན་ནས་རང་སྐད་དུ་བདེ་བླག་ངང་སྤྱོད་པའི་ཐ་སྙད་འགའ་བཙན་གྱིས་དོན་སྒྱུར་བྱེད་པ་ནི་དེ་བས་མི་འཐད་དེ། ས་པཎ་མཆོག་གིས“སྔོན་ཆད་གཞན་དུ་མི་གྲགས་ཀྱང་།། མཁས་པ་རྣམས་ཀྱིས་ངོ་འཕྲོད་པའི།། བརྡ་ནི་རྗེས་གྲུབ་ཉིད་ཡིན་ཏེ།། རྒྱུ་མཚན་དག་ལ་ལྟོས་ཕྱིར་རོ།།”ཞེས་གསུངས་དོན། མཁས་པ་རྣམས་ཀྱིས་སྔོན་ཆད་མ་གྲགས་པའི་དོན་འགའ་ཞིག་ལ་འདྲ་འབྲེལ་ཅི་རིགས་ཀྱི་སྒོ་ནས་རྗེས་གྲུབ་ཀྱི་བརྡ་གསར་པ་སྦྱོར་བར་འོས་པར་གསུངས་པ་ལས་སྔོན་དུ་གྲགས་ཟིན་པ་ལ་བསྐྱར་དུ་བརྡ་སྦྱོར་བའི་བགྱི་བ་བསྩལ་མེད་པ་ཤེས་ཐུབ།

    གཉིས་པ། དོན་སྒྱུར་བྱས་པའི་ཐ་སྙད་གང་བྱུང་དུ་བསྡུ་མི་རུང་བ།

    དེ་ཡང་། མཁས་འཇུག་ལས“མིང་ཚིག་དེ་དག་རྒན་པོ་ཡིས།། ཐོག་མར་སྦྱར་བ་བརྡ་ཡིན་ལ།། ཕྱིས་ནས་དཔྱོད་པ་ཐ་སྙད་ཡིན།།”ཞེས་གསུངས་པ་བཞིན་དོན་སྒྱུར་བྱས་པའི་ཐ་སྙད་དེ་རྣམས་འདྲ་འབྲེལ་རྒྱུ་མཚན་ཅི་རིགས་ལ་བརྟེན་ནས་གཏན་ལ་ཕབ་པའི་རྗེས་གྲུབ་ཀྱི་མིང་ཤ་སྟག་ཡིན་ཙ་ན། དེ་དག་རང་རེའི་སྐད་དུ་སྒྱུར་སྐབས་བརྗོད་དོན་བདེ་བླག་ཏུ་རྟོགས་ཐུབ་པ་ཞིག་དང་། འདྲ་འབྲེལ་དང་རྒྱུ་མཚན་ལ་བརྟེན་ནས་བརྡ་ཆད་གཞན་དང་མ་འཁྲུལ་བ་ཞིག་དགོས་ངེས་ཡིན། དེས་ན་འདྲ་འབྲེལ་དང་རྒྱུ་མཚན་སྟོན་པའི་ཚིག་དེ་དག་བརྗོད་སླ་བའམ་འབྲི་བདེ་བ་ཁོ་ནའི་ཆེད་དུ་བསྡུས་དྲགས་ན་བརྗོད་དོན་གཞན་དང་འཁྲུལ་ཤས་ཆེ་བས་བསྡུས་ཚིག་འབྲི་སྐབས་ངེས་པར་དུ་དོན་གསལ་བར་སྟོན་ཐུབ་མིན་ལ་དགོངས་པ་བཞེད་རྒྱུ་གལ་ཆེ། དཔེར་ན། “播种机”ཟེར་བ་དེ་སོན་ཆས་སུ་བསྒྱུར་བས་སོན་སྣོད་ཆས་སམ་འདེབས་ཆས་གང་ཡིན་གསལ་པོར་རྟོགས་མི་ཐུབ་པས་མ་ཡིག་ནང་གི་གལ་ཆེ་བའི་ཚིག“种”དེའི་དོན་བུ་ཡིག་གི་ནང་ཐོན་དགོས་ངེས་ཡིན་པས“སོན་འདེབས་འཕྲུལ་འཁོར”ཞེས་སུ་བསྒྱུར་ན་འཚམས་པར་སྙམ། མ་གཞི་དངོས་པོའི་མིང་ངམ་ཐ་སྙད་དེ་རིགས་སྟབས་བདེ་གོ་ཆོད་ཅིག་དགོས་ཀྱང་དེས་བརྗོད་དོན་ཇི་བཞིན་དུ་སྟོན་མི་ཐུབ་ན་སྟབས་བདེ་ཡང་གོ་མི་ཆོད་པས་རྣམ་ཤེས་ཀྱིས་སྟོངས་པའི་གཟུགས་ཁོ་ན་ཡིན་ནོ། གལ་སྲིད་དེ་དག་འདོད་རྒྱལ་དུ་བཏགས་པའི་མིང་ཡིན་སྙམ་ན། ས་པཎ་མཆོག་གིས“བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ།། དོན་ཆེན་སྒྲུབ་པ་མ་གཏོགས་པ།། སླད་ཆད་མི་སྦྱོར་དོན་དེ་ལ།། བརྡ་འཇུག་ན་ཡང་མི་རྟོགས་ཕྱིར།།”ཞེས་གསུངས་པས་སོ།།

    གཉིས། ཐ་སྙད་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན།

    དང་པོ། ཐ་སྙད་ཀྱིས་བརྗོད་དོན་གསལ་བར་སྟོན་ཆེད་གང་དུ་བྱ་བའི་མིང་བསྣན་དགོས་པ།

    དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས“པན་གྲུབ་དང་རྒྱལ་བློན་ལ་སོགས་པའི་གང་ཟག་གི་མིང་དང་ཡུལ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་གོ་དཀའ་ཞིང་ཚིག་མ་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དེ་ལྟར་ཡིན་མིན་གཏོལ་མེད་པ་རྣམས་ལ་མིང་གི་མགོ་འཇུག་ཇི་ལྟར་རིགས་པར་རྒྱལ་པོ་དང་མེ་ཏོག་ཅེས་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་གྱི་སྐད་དང་བོད་སྐད་ལ་སོར་བཞག་ཏུ་བཞག་པར་བྱའོ”ཞེས་གསུངས་པ་ཇི་བཞིན། རིགས་གཞན་གྱི་སྐད་དུ་གྲགས་པའི་དངོས་པོའི་ཐ་སྙད་བོད་སྐད་དུ་སྒྱུར་སྐབས་གལ་ཏེ་དོན་འདི་ལ་ཐ་སྙད་འདི་ངེས་སོ་སྙམ་པའི་གདེང་ཚོད་མེད་པའམ་དོན་གཞན་དང་འཁྲུལ་བར་དོགས་སྐབས་ཐ་སྙད་འདིའི་མགོ་འཇུག་ཇི་ལྟར་རིགས་པར་ཐ་སྙད་དེ་གང་ལ་བྱ་བའི་མིང་བསྣན་རྒྱུ་ནི་མཁས་པའི་གསུང་གི་སྙིང་བཅུད་ཡིན་ལ། དོན་དངོས་ཀྱི་ལག་ལེན་ཁྲོད་དུ་ཡང་མེད་ཐབས་མེད་དེ། དཔེར་ན། རིས་འབྲེལ་ཚིག་མཛོད་འགའ་ཞིག་ནང“红牛”ལ་ཐད་ཀར“གླང་དམར”ཞེས་སུ་དོན་སྒྱུར་བྱས་ཡོད། གལ་སྲིད་ཐ་སྙད་དེ་བརྗོད་སྐབས་ལྷན་དུ་རི་མོ་མེད་ཚེ་གླང་དམར་ཞེས་པས་གླང་དམར་རྟགས་ཅན་གྱི་འཐུང་བྱ་ལ་གོ་བའི་ངེས་པ་མི་སྟེར་ཏེ་ཁ་མདོག་དམར་པོ་ཅན་གྱི་གླང་ལ་ཡང་གོ་བའི་ཕྱིར་ན“གླང་དམར་འཐུང་བྱ”ཞེས་གང་ལ་བྱ་བའི་མིང་བསྣན་ན་བརྗོད་དོན་གསལ་བར་སྟོན་པར་ཕན་པ་ཡོད་སྙམ་ཞིང་། གཞན་ཡང་། “汗背心”ལ“རྔུལ་ལེན”ཞེས་སུ་བསྒྱུར་བས་རྔུལ་ལེན་ཡིན་ན“汗背心”ཡིན་པས་མི་ཁྱབ་སྟེ། རྔུལ་ལེན་གྱི་ལག་རས་སོགས་ཀྱང་ཡོད་པས་ན་དེར“ཤ་སྦྱར་རྔུལ་ལེན”ཞེས་སུ་བསྒྱུར་ན་དེ་བས་འོས་པར་སྙམ། དེ་ལྟར་ཐོག་མ་རང་ལ་མེད་པའི་ཐ་སྙད་གསར་པ་བོད་སྐད་དུ་དོན་སྒྱུར་དང་སྒྲ་སྒྱུར་ཅི་རིགས་བྱས་ཀྱང་བརྗོད་དོན་བདེ་བླག་ཏུ་སྟོན་པར་འགོག་རྐྱེན་མི་ཐེབས་པའི་ཆེད་དུ་ལྕང་སྐྱ་རོལ་པའི་རྡོ་རྗེས་བསྟན་པའི་ཐབས་ཤེས་འདི་སྤྱོད་རྒྱུ་གལ་ཆེ། གང་ཡིན་ཟེར་ན། ང་ཚོས་འཚོ་བའི་ཁྲོད་དུ་ཐ་སྙད་བཀོལ་སྤྱོད་བྱེད་སྐབས་རྟག་ཏུ་མིག་མདུན་དུ་དེའི་རི་མོ་བསྟན་རྒྱུ་ཡོད་མི་སྲིད་ལ། གལ་སྲིད་རི་མོ་བསྟན་ནས་ངོས་འཛིན་བྱ་དགོས་བྱུང་ཚེ་བོད་སྐད་དུ་བསྒྱུར་བའི་ཐ་སྙད་དེས་ཅི་ཞིག་བྱ།

    གཉིས་པ། ཡུལ་དབུས་ཀྱི་སྐད་ཆའི་ལུགས་དང་བསྟུན་དགོས་པ།

    ཁོ་བོས་བསམ་ན་ཐ་སྙད་ནི་སྐད་དང་ཡི་གེ་ཞིག་གི་རྨང་གཞིར་གྱུར་བས་ཐ་སྙད་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཡུལ་སྐད་གཅིག་གྱུར་ཡོང་བ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཞིག་རང་ཡིན་པས། ཡུལ་ཕྱོགས་ཀྱི་འཐེན་འཁྱེར་དབང་དུ་མ་སོང་བར་ཐ་སྙད་གཅིག་གྱུར་ལ་ཤུགས་སྣོན་རྒྱག་རྒྱུ་ནས་འགོ་བརྩམས་ན་ཡུལ་སྐད་གཅིག་གྱུར་གྱི་དམིགས་ཡུལ་རླབས་པོ་ཆེ་སྒྲུབ་ཐུབ་པར་བསམ། ཐ་སྙད་གཅིག་གྱུར་བྱ་རྒྱུ་དེ་ཡང་སྔར་ནས་གྲགས་པའི་ཐ་སྙད་མི་མཐུན་པ་རྣམས་གཅིག་གྱུར་དང་གསར་དུ་ཐོན་པའི་དངོས་པོའི་ཐ་སྙད་རྣམས་གཅིག་གྱུར་བྱ་རྒྱུ་ཁག་གཉིས་སུ་དབྱེ་ཆོག དེ་གཉིས་ལས་འོག་མ་ནི་སྐབས་སུ་འབབ་པའི་བརྗོད་བྱའི་དོན་ཡིན་ཏེ། གསར་དུ་ཐོན་པའི་དངོས་པོའི་ཐ་སྙད་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་དང་ཐོག་ཐ་སྙད་འདི་ཉིད་བོད་སྐད་དུ་སྒྱུར་སྐབས་ཡུལ་ལུང་གང་གི་སྐད་ཚད་གཞིར་བཟུང་དགོས་མིན་ལ་མནོ་བསམ་གཏོང་དགོས། དེ་ཡང་། “མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཐུན་མོང་དུ་བཀོལ་སྤྱོད་ཆོག་པའི་སྤྱི་སྐད་གཏན་འབེབས་བྱ་རྒྱུར་གཙོ་བོའི་མཐུན་རྐྱེན་བཞི་ཚང་དགོས་ཚུལ་སྐོར“སྐད་རིགས་གཞུང་ལུགས་རགས་བརྗོད”ཅེས་པར་བཀོད་པ་བཞིན། ལྷ་སའི་སྐད་ཀྱི་གཙོ་བོར་བྱས་པའི་དབུས་གཙང་གི་སྐད་འདི་བོད་རིགས་སྤྱི་ཡོངས་ཀྱིས་བཀོལ་སྤྱོད་ཆོག་པའི་སྤྱི་སྐད་ཀྱི་རྨང་གཞིར་བཞག་སྟེ་ལེགས་སྤེལ་ཉེས་འགོག་བྱས་པའི་རྨང་གཞིའི་སྟེང་ཁྱབ་གདལ་བཏང་ན་དེར་གོང་བསྟན་ཆ་རྐྱེན་བཞི་ཚང་ཡོད”ཅེས་གསུངས་པ་བཞིན་ང་ཚོས་ཐ་སྙད་གསར་པ་བོད་སྐད་དུ་སྒྱུར་སྐབས་ལྷ་སའི་སྐད་ཀྱིས་གཙོ་བོར་བྱས་པའི་དབུས་གཙང་སྐད་འདི་ཚད་གཞིར་བཟུང་ན་ཐ་སྙད་དེ་རིགས་བོད་མི་ཕལ་ཆེ་བས་གོ་བདེ་ལ་རྟོགས་སླ་བ་དང་ཁྱབ་སྤེལ་གཏོང་བདེ་བའི་ཁྱད་ཆོས་ཡོད་སྙམ། ཚིག་མཛོད་འགའ་ཞིག་ནང“毛袜”ལ་བལ་འབོབ་ཏུ་བསྒྱུར་བ་དང་། “棉鞋”ལ་བར་ཚངས་ལྷམ་དུ་བསྒྱུར་བ། “锁”ལ་སྒོ་ཟྭ་ཞེས་སུ་བསྒྱུར་བ་སོགས་ནི་ཡུལ་མཐའི་སྐད་རིགས་ཁོ་ན་གཞིར་བཟུང་བས་ཐ་སྙད་གསར་པ་དེ་བཞིན་དུ་བོད་སྐད་དུ་བསྒྱུར་ན་དྲང་ཕྱོགས་ཀྱི་ནུས་པ་མི་ཐོན་པར་བོད་སྐད་གཅིག་གྱུར་ཡོང་རྒྱུའི་གེགས་སུ་གྱུར་བས། རིམ་པ་བཞིན་དུ་བལ་གྱི་ཨུ་སུག་དང་། སྲིང་བལ་ལྷམ། སྒོ་ལྕགས། ཞེས་སུ་བསྒྱུར་ན་མི་འོས་པ་ཅི་ཡང་མེད།

    གསུམ་པ། མཇུག་གི་གཏམ།

    མི་རིགས་དང་མི་དམངས་ལ་ཕན་པའི་བགྱི་བ་རླབས་པོ་ཆེ་ཞིག་དང་དུ་ལེན་མཁན་ཚོར་སྙིང་དབུས་ནས་ཡི་རངས་དང་ལྷད་མེད་ཀྱི་མོས་གུས་ཞུ་དགོས་ལ། དེ་ལྟའི་འཕྲིན་ལས་ལ་གཞོལ་མཁན་ཡང་ཆར་རྗེས་ཀྱི་སྨྱུག་རྩ་བཞིན་ཐོན་ནས་རང་རིགས་ཀྱི་རིག་གནས་གོང་དུ་སྤེལ་བར་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་མཁན་ཡང་གང་མང་བྱོན་པའི་འདུན་པ་ཤུགས་ཀྱིས་འཆང་དགོས། འོན་ཀྱང་། ཐ་སྙད་གསར་པའི་ཡིག་སྒྱུར་གྱིས་གཙོས་པའི་རིག་གནས་དང་འབྲེལ་བའི་གནད་དོན་ཐག་གཅོད་སྐབས་ཐུགས་རྣལ་དུ་ཕབ་ནས་ཕྱོགས་ཀུན་ལ་བསམ་གཞིག་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བར་སེམས། རང་རེའི་མེས་པོ་ཚོས་རིག་པའི་ནང་ཚན་གཅིག་གམ་ཐ་ན་ཐ་སྙད་གཅིག་ནང་འདྲེན་དང་ཁྱབ་གདལ་གཏོང་སྐབས་ལུས་སེམས་གཉིས་ཀྱིས་མི་ཟད་པའི་དཀའ་བ་སྤྱད་ཡོད་པས་དངོས་པོ་མང་པོའི་ཐ་སྙད་རང་ལ་ཡོད་བཞིན་དུ་གསར་དུ་བཟོ་མི་རིགས་ལ། ཕྱིས་ནས་དར་བའི་དངོས་པོ་གསར་པའི་ཐ་སྙད་འཇིག་རྟེན་དུ་གྲགས་པ་རྣམས་ལ་ཡང་བསྐྱར་ཐ་སྙད་གསར་པ་ཞིག་འདོགས་པའི་དགོས་པ་མེད་པ་སོགས་མདོར་ན། རྒྱ་བོད་མིང་བརྡ་གསར་པའི་ཡིག་སྒྱུར་ལ་རང་གི་ལྟ་བ་ཅུང་ཟད་བརྗོད་ཁུལ་བྱས་ཀྱང་གནད་ལ་འཕིགས་མིན་མི་ཤེས་པས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུའོ། །


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།