[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་མ་ཕྱི་བརྒྱད་ཀྱི་རྩོམ་ལུས་ཀྱི་ངོ་བོར་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-26

    1989ལོར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི《ནོར་བཟང་གི་རྣམ་ཐར》སོགས་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་ཀྱི་ཕྱོགས་བསྒྲིགས་དེབ་དེའི་མཚན་བྱང་དུ《བོད་ཀྱི་ལྷ་མོའི་འཁྲབ་གཞུང》ཞེས་དང《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》དུ་ཡང་དེ་དག་ཟློས་གར་གྱི་ཁོངས་སུ་ངོ་སྤྲོད་བྱས་འདུག 《བོད་ཀྱི་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་ཕྱོགས་བསྒྲིགས་ཀུན་བཟང་བདུད་རྩིའི་ཆར་འབེབས》ཞེས་པའི་མཚན་བྱང་དུ་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་ཞེས་བརྗོད་ཀྱང་དོན་དུ་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་པོ་ལས་མ་འདས། དེ་ལྟར་མཚན་གསོལ་བ་ལས་ཀྱང་རྩོམ་སྒྲིག་པ་དག་གིས་དེ་དག་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་འདོད་པ་ཧ་ཅང་གི་གསལ་པོ་རེད། འོན་ཀྱང་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ལྷག་པ་ཆོས་འཕེལ་གྱིས་བརྩམས་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ནང་དུ་ལྷ་མོའི་འཁྲབ་གཞུང་ནི་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་སོགས་འཁྲབ་གཞིར་གྱུར་པའི་ནང་དོན་གྱི་མ་ཕྱི་ལ་བཅོས་སྒྲིག་བྱས་ནས་འཁྲབ་གཞུང་དུ་གྲུབ་ཚུལ་དང་། ལྷ་མོའི་འབྱུང་སྟངས་སོགས་ལ་བཀའ་སློབ་གྱ་ནོམ་པ་མཛད་འདུག གཞན་ཡང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་བསྒྲིགས་པའི《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་གཅེས་བསྡུས》ཞེས་པའི་ནང་རྣམ་ཐར་དང་རྟོགས་བརྗོད་ཀྱི་སྐབས་བཀའ་བློན་རྟོགས་བརྗོད་དཔེ་མཚོན་དུ་དྲངས་པ་དང་། བརྩམས་སྒྲུང་གི་སྐབས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་སོགས་བཀོད་པ་དང་། ཟློས་གར་གྱི་རྩོམ་རིག་གམ་འཁྲབ་གཞུང་རྩོམ་རིག་གི་སྐབས་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་ལ་བཅོས་སྒྲིག་བྱས་པའི་འཁྲབ་དཔེ་དག་བཀོད་པ་ནི་འཁྲབ་གཞུང་རྩོམ་རིག་ཅེས་པར་གོ་བ་གཏིང་ཚུགས་སུ་ཕྱིན་པའི་རྟགས་རེད་འདུག འདོད་ཚུལ་གཞན་རྣམས་ནི་གོམས་སྲོལ་གྱི་དབང་གིས་འཁྲབ་གཞུང་ཞེས་པའི་མཚན་རྒྱུན་འབྱམས་སུ་གྱུར་པ་ཡིན་པ་དང་། འདི་ལྟར་ངོས་འཛིན་བྱས་པ་ཡང་ཞིབ་ཏུ་བསམས་ན་བརྩམས་ཆོས་དེ་དག་གི་རྩོམ་ལུས་ཀྱི་ངོ་བོའི་ཁྱད་ཆོས་ལ་དཔྱད་པ་གནད་དུ་སྨིན་པ་ཞིག་མ་བགྱིས་པ་དང་། ཕྱིའི་སྣང་ཚུལ་འགའ་ཞིག་རྒྱུ་མཚན་བྱས་ནས་བྱུང་བའི་རྩོམ་རིག་གི་དོན་དངོས་ཁྱད་ཆོས་དང་འགལ་བའི་འདོད་ཚུལ་ཕྱོགས་རེ་བ་ཞིག་ཡིན་པ་རིམ་གྱིས་འཆད་པར་བྱའོ།

    གཅིག བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་མ་ཕྱི་བརྒྱད་ལ་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་བརྡ་དོན་ཇི་ལྟར་འཁྲུལ་ཚུལ།

    《གཟུགས་ཀྱི་ཉི་མའི་རྣམ་ཐར》སོགས་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་བགྲངས་པར་གནས་ལུགས་རྒྱུ་མཚན་རྩ་བ་ནས་མེད་པར་གཡམ་རྒྱུགས་བྱས་པ་མ་ཡིན་ཏེ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་ཡང་ཆེས་སྔ་བའི་གནའ་བོའི་ཤོན་དང་། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པའི་འཆམ། བོད་རང་གི་དམངས་ཁྲོད་ཀྱི་གླུ་གཞས་སོགས་ཕྱོགས་བསྡུས་ཐོག་དུས་རབས་14-15པའི་སྐབས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཀྱི་ཡུལ་གྲུ་ཁག་ཏུ་ལྕགས་ཟམ་སྐྲུན་པའི་མཐུན་རྐྱེན་བསགས་ཕྱིར་བཞིན་མཛེས་ལ་ངག་བདེ་བའི་བུ་མོ་སྤུན་བདུན་ལ་ལག་པའི་ཕྱག་རྒྱ་དང་། ངག་གི་འགྱུར་ཁུག ལུས་ཀྱི་སྟངས་སྟབས་སོགས་བསླབ་ནས་འཁྲབ་སྟོན་བྱས་པས་། རྒྱ་ཆེའི་མང་ཚོགས་ཀྱིས་ཨ་ཅེ་ལྷ་མོ་ཞེས་ལྷ་མོ་མི་ཡུལ་དུ་ཕེབས་པ་ལྟར་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་བཏོར་བས་ལྷ་མོ་ཞེས་པའི་མཚན་གྱི་བསྟོད་པ་འདི་བྱུང་ཞིང་འཛམ་གླིང་དུ་ངོམ་དུ་ཡོད་པའི་བོད་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་པའི་སྲོལ་བཏོད། དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་པ་ཆེན་པོས་ཐུགས་ཁུར་ཟབ་བཞེས་ཐོག་བོད་ཀྱི་ཡུལ་གྲུ་ཁག་ཏུ་ལྷ་མོ་འཁྲབ་སྟོན་པའི་སྒྲིག་འཛུགས་བྱུང་བ་དང་། ལྷག་པར་དུ“རྩེ་པོ་ཏ་ལ་སླར་བཞེངས་ཀྱི་གྲུབ་སྟོན་དུ་ཐེངས་དང་པོར་དཔག་བསམ་འཁྲི་ཤིང་ཁྲོད་ཀྱི་ནོར་བཟང་གི་སྐྱེས་རབས་ལེའུ་ལས་བོད་ཀྱི་ཟློས་གར་དུ་བཅོས་ནས་འཁྲབ་སྟོན་བྱས་པར་གྲགས་ལ། རས་ཆུང་དབུས་ཕེབས་ཞེས་པའང་འཁྲབ་གཞུང་གྲས་སུ་བརྩིས”ནས་འཁྲབ་སྟོན་བྱས། དེའི་རྗེས་སུ་གཞུང་ཕྱོགས་ནས་སྒྲིག་འཛུགས་བྱས་པའི་ལྷ་མོ་ཚོགས་པ་ཇེ་མང་དུ་སོང་བ་དང་དེ་དག་གིས་རང་རང་གི་ཁྱད་ཆོས་ཡོད་པའི་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་པའི་སྲོལ་བྱུང་། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ནས་ལྷ་སའི་ཞོ་སྟོན་གྱི་སྐབས་ས་གནས་སོ་སོའི་ལྷ་མོ་ཚོགས་པས་ནོར་བུ་གླིང་ཁར་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་པ་ཡིན། འཁྲབ་བྱའི་ནང་དོན་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་མི་རྣམས་ཀྱི་བསམ་པའི་འདུ་ཤེས་སོགས་ཡོངས་སུ་མཐུན་པའི་སྟོན་པའི་མདོ་རྒྱུད་དག་ལས་བྱུང་བའི་རྣམ་ཐར་ཏེ། གོང་བརྗོད་ཀྱི་བརྩམས་ཆོས་དག་ཡིན། དེ་རྣམས་ལྷ་མོའི་ཟློས་གར་འཁྲབ་སྟོན་གྱི་ནང་དོན་དུ་གྱུར་པ་ནས་བཟུང་། བོད་ཁམས་ཡོངས་སུ་སྙན་པའི་གྲགས་པ་ཆེ་བར་གྱུར། ལྷག་པར་དུ་ལྷ་མོ་ཚོགས་པ་སོ་སོའི་འཁྲབ་བྱའི་ནང་དོན་ཡང་གོང་བཀོད་ཀྱི་ནང་དོན་ལས་གང་རུང་ཞིག་ངེས་གཏན་ཅན་དུ་གྱུར་པས། དེ་རྣམས་ལ་ཟློས་གར་བསྟན་བཅོས་སམ་འཁྲབ་གཞུང་གི་མཚན་བྱང་རང་བཞིན་གྱིས་ཐོགས་པ་དང་གཅིག གཉིས་ནི་བོད་ཀྱི་དེབ་ཐེར་ལོ་རྒྱུས་དང་རྩོམ་རིག་ལོ་རྒྱུས་ཁག་ལས་ཤེས་པར་དེ་སྔོན་ལྷ་མོ་ཆེ་ཁག་ཚང་མར་རང་རང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལྷ་མོའི་འཁྲབ་གཞུང་ངམ་འཁྲབ་དཔེ་ཡོད་ཀྱང་། གཅིག་ནས་ལྷ་མོ་ཚོགས་པ་ཕན་ཚུན་འགྲན་རྩོད་ཆེ་བ་དང། གཉིས་ནས་རང་ཉིད་ཀྱི་ལྟོ་གོས་དང་ཐད་ཀར་འབྲེལ་བ་ཟབ་པས་ཕན་ཚུན་དབར་གསང་རྒྱ་དམ་ཞིང་མིག་ལ་སྟོན་རེས་མི་བྱེད་པ། ལྷག་པར་དུ་འཁྲབ་དཔེའམ་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པ་རྣམས་ཡིག་ཐོག་ཏུ་ཕབ་ནས་ཕྱིར་འགྲེམ་ནི་དེ་བས་ཀྱང་ངོ་། གསུམ་ནས་སྡེ་པ་གཞུང་ལ་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་ཀྱི་ནང་དོན་རྣམས་བཅོས་སྒྲིག་བྱས་པའི་འཁྲབ་གཞུང་ཡོད་ཀྱང་། ཞོ་སྟོན་གྱི་སྐབས་སུ་ལྷ་མོ་ཚོགས་པའི་དགེ་རྒན་རྣམས་ལ་མིག་སྟོན་ཙམ་བྱེད་པ་ལས་དུས་རྒྱུན་སྒམ་དུ་བཅུག་ནས་ཉར་ཚགས་བྱེད་པ་ལས་གང་བྱུང་དུ་མིག་གི་ཡུལ་དུ་མཇལ་བར་དཀའ་བ་སོགས་ལྷ་མོའི་འཁྲབ་གཞུང་དངོས་གསང་ཉར་བྱས་པས་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་མ་འགྱུར་ལ། ང་ཚོས་མཐོང་ཆོས་སུ་གྱུར་པ་ནི་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་པོ་དག་ཡིན་པས་དེ་དག་ལ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་བརྡ་དོན་འཁྲུལ་བར་སེམས།

    གཉིས་པ། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་རྩོམ་རིག་དང་བརྩམས་སྒྲུང་གི་ཁྱད་ཆོས་འགའ་བཟུང་ནས་ཁྱད་པར་བརྗོད་པ།

    བོད་དུ་ཟློས་གར་ནི་རིག་གནས་ཆུང་བ་ལྔའི་ཁོངས་སུ་གཏོགས་ཤིང《བསྟན་འགྱུར》ནང་འཁོད་པའི་ཟློས་གར་ཐ་སྙད་ཀྱི་འགྲེལ་པ་སྟེ། “ཟློས་གར་གྱི་བསྟན་བཅོས་ནི་སྔོན་བྱུང་གི་གཏམ་ལྟ་བུ་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ། ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང་། དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང་…… ” ཞེས་མདོར་ན། “འཁྲབ་སྟོན་པས་གར་སྟེགས་ཐོག་མི་སྣའི་ཆས་སུ་ཞུགས་ནས་འཁྲབ་གཞིའམ་འཁྲབ་གཞུང་འཁྲབ་པ་དང་གཏམ་རྒྱུད་ཀྱི་བྱུང་རིམ་དག་འཁྲབ་པའི་སྒྱུ་རྩལ་གྱི་རིགས་ཤིག་ལ་ཟློས་གར་བྱ་བ་ཡིན” དེའི་ཁྱད་ཆོས་གཙོ་བོ་ནི་བྱུང་རིམ་གཟུགས་རིས་ཅན་དེ་དག་དུས་ཚོད་དང་། ས་གནས། མིག་ཤེས་དང་རྣ་བའི་ཤེས་པ་བརྒྱུད་ནས་ལྟད་མོ་བར་ཕྱོགས་སྣ་ཚོགས་ནས་སྒྱུ་རྩལ་གྱི་མཛེས་པ་ཉམས་སུ་མྱོང་དུ་འཇུག་པ་ཞིག་རེད། ཟློས་གར་ཞེས་པ་ཡང་གྲུབ་ཆ་དེ་དག་ལས་གྲུབ་པའི་སྤྱི་ཁྱབ་རང་བཞིན་ཅན་དེར་བྱ་བ་ཡིན། དེའི་རྩོམ་རིག་གི་ཆ་ཤས་འཁྲབ་གཞུང་ལ་ངེས་པར་དུ་འཁྲབ་བྱར་གྱུར་པའི་མི་སྣའི་སྐད་ཆའམ་གླུ་ཚིག་དང་གར་སྟེགས་གཉིས་ཚང་དགོས། གར་སྟེགས་ཀྱིས་འཁྲབ་བྱའི་མི་སྣའི་མང་ཉུང་དང་། དུས་ཚོད་ཀྱི་རིང་ཐུང་། ནང་དོན་རྒྱས་བསྡུས། མི་སྣའི་སེམས་ཁམས། ཟློས་གར་གྱི་འགལ་ཟླ་སོགས་ལ་འཇུག་ལྡོག་བྱེད་ཚུལ་གསལ་བཤད་བྱེད་པ་ཡིན། ཆ་རྐྱེན་འདི་གཉིས་ཚང་བའི་འཁྲབ་གཞུང་དེ་ནི་འཁྲབ་སྟོན་སྔོན་གྱི་སྦྱོང་བརྡར་དང་ནང་སྦྱོང་། འཁྲབ་སྟོན་གྱི་སྐབས་སྤྱོད་པའི་རྩོམ་རིག་གི་ཆ་ཤས་དེ་ཡིན། འཁྲབ་གཞུང་རྩོམ་རིག་གམ་ཟློས་གར་རྩོམ་རིག་བྱ་བ་ཡང་དེ་ལ་བརྗོད་པ་ཡིན།

    འཁྲབ་གཞུང་ནི་འཁྲབ་སྟོན་བྱེད་པའི་དགོས་མཁོར་གཞིགས་ནས་གར་སྟེགས་ཀྱི་མི་སྣའི་སྣང་བརྙན་ལ་བརྫུས་ཏེ་དོན་གྱི་བྱུང་བ་བརྗོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། རོལ་མྱོང་བྱེད་སྟངས་ཀྱི་ཆ་ནས་ལྟད་མོ་བས་མིག་ཤེས་དང་རྣ་བའི་ཤེས་པ་བརྒྱུད་ནས་མྱང་དགོས་པས་འཁྲབ་སྟོན་བྱེད་སྟངས་དང་གར་སྟེགས་ཀྱི་ཚད་བཀག་སོགས་ཀྱིས་མི་སྣའི་སྐད་ཆ་བསྡུས་པོ་དང་། གར་སྟེགས་ཀྱི་སྣེ་ཤན་ཙམ་མ་གཏོགས་བརྩམས་སྒྲུང་ཇི་བཞིན་ཁོར་ཡུག་ཞིབ་འབྲི་དང་། མི་སྣའི་སེམས་ཁམས་ཞིབ་འབྲི། མི་སྣའི་བྱ་བྱེད་ཞིབ་འབྲི་སོགས་ཡོད་དཀའ། འཁྲབ་གཞུང་དུ་བྱུང་བའི་མི་སྣའི་སྣང་བརྙན་འབྲི་བཞེངས་དང་། གཤིས་ཀ་འབྲི་བཞེངས། བྱུང་རིམ་བཀོད་འབྲི་སོགས་ཚང་མ་མི་སྣའི་སྐད་ཆ་ཁོ་ནར་བརྟེན་དགོས་པས་བཀག་རྒྱ་ཆེ་བ་ཡིན་ནོ། འཁྲབ་གཞུང་རང་སྟེང་ན་ཡོད་པའི་ཚད་བཀག་ནི་སྔར་བཞིན་མིག་ཤེས་དང་རྣ་ཤེས་སོགས་ཀྱིས་རོལ་མྱོང་བྱེད་སྟངས་ཀྱི་དབང་གིས་མེད་ཐབས་མེད་པ་ཞིག་རེད།

    བརྩམས་སྒྲུང་ནི“ཚིག་ལྷུག་གམ་བཅད་ལྷུག་སྤེལ་མའི་ལུས་གང་ཞིག་ལ། མི་སྣའི་སྣང་བརྙན་བསྐྲུན་པ་དང་། ཁོར་ཡུག་དང་བྱུང་རིམ་ཞིབ་འབྲི་བྱས་པ་བརྒྱུད། སྤྱི་ཚོགས་འཚོ་བ་མཚོན་པའི་དོན་བརྗོད་རང་བཞིན་གྱི་རྩོམ་རིག་རྣམ་པ་ཞིག་ཡིན” ཞེས་པ་ལྟར་ན། བརྩམས་སྒྲུང་གི་བླ་སྲོག་ལྟ་བུ་ནི་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་རྒྱུ་དེ་ཡིན་ཞིང་། བརྩམས་ཆོས་ཁྲོད་ཀྱི་མི་སྣ་དག་གི་འགྲོ་འདུག་སྤྱོད་གསུམ་དང་། བསམ་པའི་འཁྱེར་སོ། དགའ་སྐྱོ་ཆགས་སྡང་། མི་གཤིས་དང་གོམས་སྲོལ། འཚོ་བ་དང་ལས་དབང་སོགས་ལ་ནན་གྱིས་ཞིབ་འབྲི་བྱས་ཏེ། ཤ་ཡོད་ཁྲག་ཡོད་ཀྱི་མི་སྣ་གསོན་པོ་ཞིག་ཏུ་བཞེངས་བསྐྲུན་བྱས་ཏེ། ཀློག་པ་པོའི་སྣང་ངོར་བརྩམས་ཆོས་ཀྱི་མི་སྣ་དག་གི་ཆགས་སྡང་གསལ་བ། གསོན་ཉམས་དོད་པའི་མི་སྣ་ཁག་མིག་མདུན་དུ་ཤར་བ་ལྟ་བུའི་འདུ་ཤེས་ཤིག་སྐྱེ་རུ་འཇུག་དགོས། གཞན་ཡང་ཆ་ཚང་བའི་གཏམ་བརྒྱུད་ཀྱི་བྱུང་རིམ་དང་། ཁོར་ཡུག་སོགས་ཞིབ་འབྲི་བྱེད་པ་ཡང་མེད་ཐབས་མེད་དོ། དེས་ན་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ལ་འཁྲབ་གཞུང་རྩོམ་རིག་གི་ཁྱད་ཆོས་མི་ལྡན་ཞིང་བརྩམས་སྒྲུང་གི་ལམ་ནས་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་པའི་རྩོམ་རིག་ཅིག་ཡིན།

    གོང་དུ་བརྗོད་པའི་བོད་ཀྱི་བརྩམས་སྒྲུང་དེ་དག་གི་བསྟན་བྱ་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣ་གང་རུང་གི་མཛད་འཕྲིན་བཀོད་ཀྱང་། བརྩམས་ཆོས་དེ་རིགས་ལྟ་ཀློག་གི་དགོས་པར་དམིགས་ནས་མི་སྣའི་སེམས་ཁམས་དང་། བྱ་སྤྱོད། ཕྱི་རོལ་ཡུལ་ལྗོངས་ཀྱི་བཀོད་པ་སོགས་ཞིབ་ཅིང་ཕྲ་ལ་གསོན་ཉམས་དོད་པའི་ཚིག་སྦྱོར་ལས་ང་ཚོར་དོན་སྤྱི་འཆར་རུང་བ་དང་ལྟ་ཀློག་བྱེད་རྒྱུ་དང་འཆད་གྱེར་བྱེད་རྒྱུ་ལའང་ཉན་སྤྲོ་བའི་ཁྱད་ཆོས་ལྡན་འདུག དེས་ན་བརྩམས་སྒྲུང་ལ་གནས་དུས་ཀྱི་བཀག་རྒྱ་མེད་པས་འབྲེལ་ཡོད་ཀྱི་མི་སྣ་དང་བྱ་སྤྱོད། དོན་དག་གི་བྱུང་རིམ། ཁོར་ཡུག་ཞིབ་འབྲི་སོགས་རྒྱས་བསྡུས་རྐྱོང་སྐུམ་གང་རུང་གིས་བྲིས་ཆོག་ལ། ཆ་ཚང་ཞིང་རྙོག་འཛིང་ཆེ་བའི་དོན་གྱི་བྱུང་རིམ་དང་། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སྣ་ཚོགས་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པར་བྲིས་ཆོག་པས་འཁྲབ་གཞུང་ལྟར་འཁྲབ་སྟོན་དང་གར་སྟེགས་ཀྱི་བཀག་རྒྱ་ནི་མེད་དོ།

    དེས་ན་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་གྲགས་པའི་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་ལ་གོང་དུ་བརྗོད་པའི་ཁྱད་ཆོས་དེ་དག་དང་ལྡན་པ་ལས་འཁྲབ་གཞུང་གི་རྣམ་པ་དང་ངོ་བོའི་ཁྱད་ཆོས་མི་ལྡན་པ་མ་ཟད། འབྱུང་སྟངས་ཀྱི་ཆ་ནས་ཀྱང་འཁྲབ་གཞུང་མ་ཡིན་པ་སྒྲུབ་ནུས།

    འོན་ཀྱང་དེ་གཉིས་རྩ་བ་ནས་འབྲེལ་བ་མེད་ཅེས་སྨྲས་ན་མི་འགྲིག་སྟེ། “མར་ཁེ་སིས། འཇིག་རྟེན་སྟེང་གི་བྱ་དངོས་ཐམས་ཅད་ནི་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་གིས་བྱས་ཏེ་ཕན་ཚུན་སྣོལ་མའི་རང་བཞིན་གྱིས་རྟེན་ཞིང་འཚོ་བ་ཞིག་ཡིན” ཞེས་གསུངས་པ་ལྟར། བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་པོ་ནི་ལྷ་མོའི་འཁྲབ་གཞུང་དང་མ་བུའི་འབྲེལ་བ་ལྟར་དུ་འདུག་སྟེ། བརྩམས་སྒྲུང་དེ་དག་འཁྲབ་གཞུང་དུ་བཅོས་ནས་འཁྲབ་སྟོན་བྱེད་པ་དང་། འཁྲབ་གཞུང་གི་གཏམ་རྒྱུད་སོགས་བརྩམས་སྒྲུང་སོགས་རྩོམ་རིག་སྒྱུ་རྩལ་གྱི་ལམ་གཞན་ཞིག་ནས་མི་རྣམས་ལ་དོན་བྱེད་པ་ནི་ཡོད་པས་དེ་ནི་རྟེན་འབྲེལ་རེད། འོན་ཀྱང་དེ་གཉིས་རྡོ་ཆག་དུམ་བུ་བཙན་སྒྲིག་གིས་གཞི་གཅིག་ཏུ་སྦྱར་ཏེ་དོན་གཅིག་མིང་གི་རྣམ་གྲངས་དུ་བཞག་པ་ནི་ར་མགོ་ལུག་སྦྱར་གྱི་ཚུལ་ལས་མ་འདས་པས་ང་ཚོས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བོད་ཀྱི་གནའ་རབས་བརྩམས་སྒྲུང་བརྒྱད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་རྩོམ་རིག་གི་རིན་ཐང་ལ་གདེང་འཇོག་བྱེད་དགོས།

    མདོར་ན། 《གཟུགས་ཀྱི་ཉི་མའི་རྣམ་ཐར》སོགས་གནའ་རབས་བརྩམས་སྒྲུང་བརྒྱད་པོར་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་ཟློས་གར་གྱི་བསྟན་བཅོས་སུ་འབོད་ཅིང་ཟློས་གར་བསྟན་བཅོས་ཀྱི་ཁོངས་སུ་བསྡུས་པ་ནི་གོམས་སྲོལ་ཙམ་དང་། རྩོམ་ལུས་དེ་གཉིས་ཀྱི་ཟབ་ཞིང་དམ་པའི་འབྲེལ་བ་ཙམ་མམ། ཕྱིའི་སྣང་ཚུལ་ཙམ་གྱི་དབང་དུ་བྱས་པ་ལས་རྣམ་ཐར་དེ་དག་རང་སྟེང་གི་ཁྱད་ཆོས་དང་། འབྱུང་སྟངས། བརྒྱུད་སྒྲོག་བྱེད་སྟངས་སོགས་ཀྱི་གསར་རྩོམ་བྱ་ཐབས་ཐད་ནས་དཔྱད་ན་དེ་རྣམས་ལྷ་མོའི་འཁྲབ་གཞུང(འཁྲབ་དཔེ)ངམ་ཟློས་གར་གྱི་བསྟན་བཅོས་མ་ཡིན་པར་བརྩམས་སྒྲུང་ཡིན་པ་ནི་གསལ་པོ་རེད།

    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན། བོད་ལྗོངས་སློབ་ཆེན་2018ལོའི་འབུམ་རམས་ཞིབ་འཇུག་སློབ་མ་པད་མ་ཚེ་རིང་གིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།