[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • གསར་འགྱུར་རྩོམ་ཡིག་གི་སྒྱུར་སྟངས་ཅུང་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྨན་བླ་ཚེ་རིང་།    |    སྤེལ་དུས།   2018-10-31

    གསར་འགྱུར་རྩོམ་ཡིག་གི་བརྗོད་དོན་ནི་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། ཚན་རིག ལུས་རྩལ་སོགས་ཡིན་ཞིང་། རྩོམ་ལུས་ཀྱི་ཆ་ནས་ཚིག་ཐུང་ཞིང་གནད་ལ་འཁེལ་བ་དང་། ཚིག་གི་སྦྱོར་བར་མངོན་བརྗོད་དང་སྙན་ངག་སོགས་ཀྱིས་མ་བཅིངས་པར་སྤྱི་ཚོགས་ཀྱི་མི་སུས་བལྟས་ཀྱང་ཁ་གསལ་ཞིང་གོ་བདེ་བ་ཞིག་ཡིན་དགོས་པས། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་ལ་མཚོན་ན་ཕལ་ཆེ་བ་མ་ཡིག་གི་ཚིག་དོན་ལྟར་གནས་སྐབས་ཀྱི་བསྟན་དོན་དངོས་བསྒྱུར་བས་ཆོག་པ་དང་། ཚིག་སྦྱོར་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་ལ་ཐ་སྙད་ཡང་དག་ཅིང་ནང་དོན་ཇི་བཞིན་མཚོན་ཐུབ་པ་ཞིག་ཡིན་དགོས། འདིར་འབྲེལ་ཡོད་ཀྱི་ལོ་ཙཱའི་གཞུང་ལུགས་གཞི་རྟེན་དུ་བྱས་ཏེ་གསར་འགྱུར་རྩོམ་ཡིག་གི་སྒྱུར་སྟངས་རགས་ཙམ་གླེང་བ་གཤམ་གསལ།

    གཅིག ཐ་སྙད་སྒྱུར་སྟངས་གཅིག་གྱུར་ཡིན་དགོས་པ།

    སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བཞིན་ཡོད་པའི་ཆ་འཕྲིན་ཅན་གྱི་དུས་འདིར། བྱ་དངོས་གསར་བ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ཇི་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའི་ཁྲོད་བྱ་དངོས་དེ་དག་དང་འབྲེལ་བའི་ཐ་སྙད་གསར་པའང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གསར་དུ་བྱུང་བའི་ཐ་སྙད་དག་ནི་ཧ་ལམ་གསར་འགྱུར་རྩོམ་ཡིག་ཏུ་ཐོག་མར་འབྱུང་ཞིང་། དེ་དག་བོད་ཡིག་ཏུ་བསྒྱུར་བའི་སྐབས་སུ་དཀའ་གནད་ཀྱང་ཆེན་པོ་འཕྲད་སྲིད་དེ། བོད་ཀྱི་སྐད་ལ་ཡུལ་སྐད་སོགས་ཀྱི་ཁྱད་པར་ཅུང་ཆེ་བས། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱའི་ལག་ལེན་གྱི་ཁྲོད་བྱུང་དང་འབྱུང་བཞིན་པའི་ཐ་སྙད་གསར་པ་དག་གི་སྒྱུར་སྟངས་གཅིག་གྱུར་མིན་པའི་གནས་ཚུལ་ཡོད་ལ། དེ་དག་མང་པོའི་བློ་གྲོས་གཅིག་སྡུད་ཀྱིས་རིམ་གྱིས་གཅིག་གྱུར་དང་ཀུན་གྱིས་གོ་ཐུབ་པར་བྱེད་དགོས།

    དཔེར་ན། “社会主义核心价值观”ཞེས་པའི་སྒྱུར་སྟངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་གི་ལྟ་བ་དང་། “组织”ཞེས་པ་རྩ་འཛུགས་དང་སྒྲིག་འཛུགས། “权利”ཞེས་པ་ཁེ་དབང་དང་དབང་ཆ། “法人”ཞེས་པ་ཁྲིམས་ཚན་དང་ཁྲིམས་མི། “项目”ཞེས་པ་རྣམ་གྲངས་དང་ལས་གཞི། “部”ཞེས་པ་པུའུ་དང་སྡེ། “局”ཞེས་པ་ཅུས་དང་ཅུད། “处”ཞེས་པ་ཁྲུའུ་དང་གནས། “党委”ཞེས་པ་ཏང་ཨུད་དང་ཏང་ཨུ། “硕士”ཞེས་པ་ཤེས་རམས་པ་དང་རབ་འབྱམས་པ། “篮球”ཞེས་པ་ལན་ཆིའུ་སྤོ་ལོ་དང་ལག་རྩེད་སྤོ་ལོ། “鼠标”ཞེས་པ་བྱི་རྟགས་དང་བརྡ་རྟགས། “电灯”ཞེས་པ་གློག་སྒྲོན་དང་གློག་ཞུ། “望远镜”ཞེས་པ་རྒྱང་མཐོང་དང་རྒྱང་ཤེལ། “数学”ཞེས་པ་རྩིས་རིག་དང་གྲངས་རིག དེ་བཞིན་དུ་གོ་གནས་ཀྱི་ཐ་སྙད་ལའང“省长”ཞེས་པ་ཧྲེན་ཀྲང་དང་ཞིང་སྤྱི་དང་། “市长”ཞེས་པ་ཧྲི་ཀྲང་དང་གྲོང་སྤྱི། “总理”ཞེས་པ་ཙུང་ལི་དང་སྲིད་བློན་སོགས་བོད་ཁུལ་གྱི་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་སོགས་གསར་འགྱུར་ལས་ཁུངས་སོ་སོའི་སྒྱུར་སྟངས་ཐ་དད་ཡིན་པས། ཐ་སྙད་དེ་དག་འབྲེལ་ཡོད་ཀྱི་ཚིག་མཛོད་དུ་བཀས་བཅད་ཡོད་པ་ལྟར་རིམ་གྱིས་ཐུན་མོང་ཅན་དང་སྤྱི་སྐད་ཅན་གྱི་ཕྱོགས་ནས་གཅིག་གྱུར་ཡོང་རྒྱུར་འབད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། “དབུས་གཙང་དང་ཁམས་ཕྱོགས་ཨ་མདོ་སྟེ་ས་ཁུལ་ཆེན་པོ་གསུམ་དུ་ཡིག་སྐད་ལ་མི་མཐུན་པ་མེད་ན་ཡང་ཁ་སྐད་ལ་མི་མཐུན་པའི་ཁྱད་པར་ཆེ་ཆུང་ཅི་རིགས་ཡོད་པ་དེའི་འགལ་ཟླ་ལས་སླ་མོར་བསལ་མི་ཐུབ་པ་བཅས་ལ་བརྟེན། ད་ལྟ་བཅིངས་འགྲོལ་བཏང་ནས་ལོ་དེ་ཙམ་ཐལ་ན་ཡང་ད་དུང་མིང་ཚིག་གསར་པ་རྣམས་གཅིག་མཐུན་བྱུང་མེད་པ་འདི་ནི་བཏང་སྙོམས་སུ་འཇོག་མི་རུང་བའི་གནད་དོན་ཆེན་པོ་ཞིག་རེད་བསམ”ཞེས་པ་བཞིན། གལ་སྲིད་ལོ་ཙཱའི་ལག་ལེན་དངོས་ནས་ཐ་སྙད་གཅིག་གྱུར་གཏོང་མ་ཐུབ་ཚེ། བོད་ཀྱི་སྐད་ཡིག་ལས་དོན་གོང་འཕེལ་འགྲོ་བའི་གེགས་སུ་འགྱུར་ངེས་སྙམ།

    གཉིས། ཚིག་སྦྱོར་བརྡ་སྤྲོད་དང་བསྟུན་དགོས་པ།

    གསར་འགྱུར་རྩོམ་ཡིག་ལོ་ཙཱའི་སྐབས་སུ་བརྗོད་བྱའི་དོན་ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་དགོས་པ་ལས་ལོ་ཙཱ་བ་རང་ཉིད་ཀྱི་བརྩེ་དུང་དང་ཕྱོགས་ལྷུང་གི་ལྟ་བ་སོགས་ཡོང་མི་རུང་བ་མ་ཟད། མ་ཡིག་གི་ནང་དོན་ལས་བརྒལ་ནས་རང་འདོད་དུ་བཟོ་བཅོས་མི་བྱེད་པ་དང་། མ་ཡིག་གི་ཐོག་མཐའ་བར་གསུམ་ཇི་བཞིན་བསྒྱུར་བ་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གཙོ་བོ་ཞིག་ཡིན་པ་མ་ཟད། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་ནི་སྐད་གཉིས་ཀྱི་ངོ་གདོང་ཙམ་བརྗེ་སྒྱུར་བྱེད་པར་ངོས་འཛིན་བྱས་ན་མི་འགྲིག་ལ། ངེས་པར་དུ་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་ནས་ཁ་གསལ་ཞིང་གོ་བདེ་ལ་ལས་རིགས་སོ་སོའི་མི་རྣམས་ཀྱིས་གོ་ཐུབ་པ་ཞིག་ཡིན་དགོས།

    དེ་ཡང“གཞུང་ལས། ‘དོན་དང་ཡང་མི་འགལ་ལ་བོད་ལ་གང་བདེར་གྱིས་ཤིག’ཅེས་གསུངས་པ་ལྟར། དམ་པའི་ཆོས་སྒྱུར་བའི་སྐབས་སུ་བསྟན་བྱའི་དོན་ཇི་བཞིན་ཕབ་སྒྱུར་བྱེད་དགོས་པ་དང་། རྗོད་བྱེད་ཚིག་གི་འཇུག་པ་བརྡ་སྤྲོད་གཞུང་དང་མཐུན་པ། བོད་མི་རྣམས་ཀྱིས་གོ་བདེ་བ་བཅས་གསུམ་ནི་བསྒྱུར་ལེགས་ཉེས་ཀྱི་འཇལ་བྱེད་ཚད་གཞི་ལྟ་བུར་བཞག་ཡོད”ཅེས་པ་དང་། “དོན་དང་ཡང་མི་འགལ་ལ་བོད་ལ་གང་བདེར་གྱིས་ཤིག”ཅེས་པ་ནི་གནའ་བོའི་བོད་ཀྱི་ལོ་ཙཱའི་ཚད་གཞི་ཡིན་ཞིང་། མ་ཡིག་གི་དོན་ཇི་བཞིན་མཚོན་པ་དང་། སྒྱུར་བྱེད་ཡིག་རིགས་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པ། ཁ་གསལ་ཞིང་ཚིག་སྦྱོར་སྙན་པ་བཅས་གསུམ་ནི་དེང་སྐབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་ཚད་གཞིར་འཛིན་བཞིན་ཡོད། གསར་འགྱུར་རྩོམ་ཡིག་ལོ་ཙཱའི་སྐབས་སུའང་གོང་གི་ཚད་གཞི་དེ་གསུམ་དང་བསྟུན་དགོས་པ་ནི་ཤིན་ཏུ་གལ་ཆེ། འོན་ཏེ་དེང་གི་ལོ་ཙཱ་བ་ཁ་ཤས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མཐུན་མིན་ལ་ཉམས་འཇོག་མ་བྱས་པར། མ་ཡིག་གི་ཚིག་གི་འགྲོས་ལ་བརྟེན་ཆེ་བར་མཐོང་། དཔེར་ན། “进一步”གོམ་གང་མདུན་སྤོས་ཞེས་བསྒྱུར་བ་ལས། སྔར་ལས་ལྷག་པའམ་སྔར་བས་ཞེས་བསྒྱུར་ན་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མཐུན་ཞིང་ཁ་གསལ་ལ་གོ་བདེ་བར་འདོད་པ་དང་། དེ་བཞིན་དུ“重要讲话”གལ་ཆེན་གསུང་བཤད་ཅེས་བསྒྱུར་བ་ལས་གསུང་བཤད་གལ་ཆེན་ཞེས་བསྒྱུར་བ་དང་། “管理人员”དོ་དམ་མི་སྣ་ཞེས་བསྒྱུར་བ་ལས་དོ་དམ་པ་ཞེས་བསྒྱུར་བ། “努力”ཞེས་པ་ཐད་ཀར་དུ་འབད་བརྩོན་འོག་ཅེས་བསྒྱུར་བ་ལས་འབད་བརྩོན་ལ་བརྟེན་ནས་ཞེས་བསྒྱུར་བ། “加强”ཤུགས་སྣོན་རྒྱག་པ་ཞེས་བསྒྱུར་བ་ལས་ཤུགས་སྣོན་པ་ཞེས་བསྒྱུར་བ། “目前”མིག་སྔར་ཞེས་བསྒྱུར་བ་ལས་ད་ལྟའམ་དེང་སྐབས་སོགས་སུ་བསྒྱུར་ན་ཁ་གསལ་ཞིང་གོ་བདེ་བ་ལྟ་བུ་དང་། ཡང་རྒྱ་བོད་མི་རིགས་གཉིས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་དང་། བསམ་བྱུང་གི་ཤེས་པ། ཡུལ་སྲོལ་གོམས་གཤིས་སོགས་ལ་ཁྱད་པར་ཡོད་པས། ནང་དོན་གཅིག་ལའང་སྐད་རིགས་གཉིས་ཀྱི་བརྡ་སྤྲོད་ཐབས་མི་འདྲ་བ་ཡོད་པ་དང་། ལོ་ཙཱའི་ལག་ལེན་ཁྲོད་དེའི་ཁྱད་པར་མ་ཤེས་པར་ཐད་ཀར་བསྒྱུར་ན་འགྱུར་ཡིག་ཁ་གསལ་ཞིང་གོ་བདེ་བ་ཡོང་མི་ཐུབ། དཔེར་ན། “工资高”ཞེས་པ་ཕོགས་ཆེན་པོ་ཞེས་བསྒྱུར་བ་ལས། རྒྱ་ཡིག་བཤད་སྲོལ་ལྟར་ཟླ་ཕོགས་མཐོན་པོ་ཞེས་བསྒྱུར་ན་ཁ་གསལ་པོ་མིན་པ་ལྟ་བུའོ། ། མཁས་དབང་དཔའ་རིས་སངས་རྒྱས་ཀྱིས“ཚིག་གི་སྦྱོར་བ་སྣ་ཚོགས་ཡོད་ན་ཡང་། ། རྒྱ་བོད་ལོ་ཙཱ་བསྒྱུར་ཚུལ་གསུམ་དུ་དྲིལ། ། བྱ་བྱེད་ལས་གསུམ་ཚིག་གི་སྦྱོར་བ་རྣམས། ། རྒྱ་སྐད་ལུགས་ལྡོག་བོད་སྐད་ལུགས་འབྱུང་ཡིན། ། མིང་སྣ་བཞི་ཡི་ཚིག་གི་སྦྱོར་བ་རྣམས། ། རྒྱ་སྐད་གོ་རིམ་ལོག་པར་བསྒྱུར། ། གྲུབ་ཆ་དྲུག་གི་ཚིག་གི་སྦྱོར་བ་རྣམས། ། རྒྱ་བོད་སྐད་གཉིས་སྤེལ་མའི་ཚུལ་དུ་བསྒྱུར”ཞེས་གསུངས་པ་བཞིན་རྒྱ་བོད་སྐད་གཉིས་ཀྱི་ཁྱད་པར་རྟོགས་དགོས་ཤིང་། ཚིག་སྦྱོར་བརྡ་སྤྲོད་ཀྱི་ཆོས་ཉིད་དང་བསྟུན་པར་བྱེད་པ་དང་། གནད་ལ་འཁེལ་བ་དང་། ཚད་དང་མཐུན་པ། གོ་བདེ་བ་བཅས་ཡོང་རྒྱུ་ནི་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱའི་གནད་འགག་ཅིག་ཏུ་གྱུར་ཡོད།

    གསུམ། ལོ་ཙཱ་བ་སྐད་གཉིས་དང་གསར་འགྱུར་ཤེས་བྱར་བྱང་དགོས་པ།

    གསར་འགྱུར་རྩོམ་ཡིག་ནི་བརྗོད་པ་ཐུང་ཞིང་། ཚིག་སྦྱོར་གྱི་ཆ་ནས་མངོན་བརྗོད་དང་ཚིག་རྒྱན་སོགས་ཀྱིས་མ་བཅིངས་པར་ཁ་གསལ་ཞིང་གོ་སླ་བ་ཞིག་ཡིན་པས། ཁག་གཅིག་གིས་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་ནི་ལས་སླ་བ་དང་། སྐད་རིགས་གཉིས་ཅུང་ཙམ་ཤེས་པ་ལས་ལེགས་འགྲུབ་འབྱུང་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་མོད། འོན་ཀྱང་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་ནི་ཡིག་ངོ་ཆོད་པ་ཙམ་གྱིས་ཆོག་པ་ཞིག་མ་ཡིན།

    ཇི་སྐད་དུ། ལོ་ཙཱ་བ་ཆེན་མོ་ཧྥུ་ལེ་ཧན་ནོ་ཧྥོས(普列汉诺夫)“ཁྱེད་ལོ་ཙཱ་བྱེད་པར་འདོད་ན་དེ་ནི་མཆོག་ཏུ་གྱུར་པའི་ལས་རིགས་ཤིག་ཡིན། ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་གོམས་ཆེན་པོ་ལྡན་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་རྒྱུས་མངའ་ཞིབ་ཚགས་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་གནད་འཕྲོད་ཡོང་མི་ཐུབ་པ་དང་། ཀློག་པ་པོ་མུན་སྤྲུལ་དུ་བསྲེས་པའི་ལམ་དུ་འཁྲིད་ཉེན་ཡོད་པས་ན་དེ་ལས་ལོ་ཙཱ་མ་བྱས་ན་དགའ”ཞེས་པ་བཞིན། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བ་ཚད་ལྡན་ཞིག་ཡིན་ཕྱིན་ཐོག་མར་སྐད་གཉིས་ལ་བྱང་ཆུབ་པ་དགོས་པ་ནི། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་ལེགས་འགྲུབ་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་སྟབས། ལོ་ཙཱ་བས་དུས་དང་རྣམ་པ་ཀུན་ཏུ་སྐད་གཉིས་ལ་སློབ་སྦྱོང་བྱས་ཏེ། ལོ་ཙཱའི་ལག་ལེན་གྱི་སྐབས་སུ་ཚིག་ཐུང་ཞིང་ཉོག་རྫོབ་མི་ཆེ་བ་དང་། ཁ་གསལ་ཞིང་གོ་བདེ་བ། བརྗོད་དོན་སྙིང་བུ་འབུར་དུ་ཐོན་ཐུབ་པ་བཅས་ལ་འབད་དགོས་པ་མ་ཟད། “གསར་འགྱུར་གྱི་ཡིག་སྒྱུར་དེ་ཆེད་ལས་གཞན་དག་གི་ཡིག་སྒྱུར་བྱ་བ་ལས་རྙོག་འཛིང་ཆེ་བ་དང་དཀའ་ངལ་ཆེ་བ་ཞིག་ཡིན། ཡིག་སྒྱུར་མཁན་པོས་བོད་རྒྱ་ཡིག་རིགས་གཉིས་ཁོང་དུ་ཆུད་དགོས་པའི་ཁར། ཕུན་སུམ་ཚོགས་པའི་ཤེས་བྱ་ཡོད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ཁག་ཀྱང་ཁོང་དུ་ཆུད་དགོས”ཞེས་པ་བཞིན་དེང་སྐབས་ཀྱི་རིག་ཚན་གསར་པ་དང་། གཞུང་ལུགས་གསར་པ་ནས་ཐོན་པའི་ཐ་སྙད་གསར་པ་དག་ཐོག་མར་གསར་འགྱུར་རྩོམ་ཡིག་ཏུ་ཐོན་སྲིད་པས། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བར་མ་ཡིག་དང་འབྲེལ་བའི་ཕུན་སུམ་ཚོགས་པའི་ཤེས་བྱ་ཡོད་དགོས་ལ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ཁག་ཀྱང་ཁོང་དུ་ཆུད་དགོས། དེ་ལྟར་བྱས་ཚེ་འབྱུང་འགྱུར་བོད་འགྱུར་གྱི་གསར་འགྱུར་རྩོམ་ཡིག་དག་ནི་སྔར་བས་དོན་གྱིས་ཕྱུག་ཅིང་ཀུན་གྱིས་ཀློག་འདོད་པ་ཞིག་ཏུ་འགྱུར་ངེས་ཡིན།

    མདོར་ན། གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བ་ཚད་ལྡན་ཞིག་ལ་ཐོག་མར་སྐད་གཉིས་ལ་བྱང་ཚད་ཡོད་དགོས་པ་མ་ཟད། ལོ་ཙཱའི་བྱ་བར་གཟབ་གཟེངས་ཁུར་ལེན་གྱི་རྣམ་འགྱུར་དང་ཀུན་སློང་ལེགས་པོ་ཡོད་པ་དང་། མ་ཡིག་དང་འབྲེལ་བའི་རིག་ཚན་སྣ་ཚོགས་ཀྱི་ཤེས་བྱ་ངེས་ཅན་ལྡན་དགོས་སོ། །

    (བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། སྨན་བླ་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།