[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • སློབ་ཁྲིད་གོང་དུ་གྲ་སྒྲིག་ཨང་བསར་བྱེད་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ལྟེ་བའི་སློབ་ཆུང་གི་པ་སངས་ཚེ་རིང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-04

    སློབ་ཁྲིད་གོང་གི་གྲ་སྒྲིག་ནི་སློབ་ཁྲིད་ཀྱི་འགོ་རྩོམ་པའི་གནད་འགག་གལ་ཆེན་ཞིག་ཡིན་ལ། སློབ་ཁྲིད་ལེགས་པོ་ཞིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་སློབ་ཁྲིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ཁག་ཐེག་གཙོ་བོའང་ཡིན། དེའི་ཕྱིར་དགེ་རྒན་གྱིས་སློབ་ཁྲིད་གོང་གི་གྲ་སྒྲིག་ལ་ནུས་ཤུགས་གང་ཡོད་བཏོན་ཏེ། སློབ་ཁྲིད་རྩ་གནད་ལ་རྒྱུས་ལོན་པ་དང་། སློབ་གཞི་ཁོང་དུ་ཆུད་པ། སློབ་མའི་གནས་ཚུལ་དངོས་དང་བསྟུན་ནས་སློབ་ཁྲིད་འཆར་གཞི་འགོད་པ་བཅས་བྱེད་དགོས་ཤིང་། ཉུང་བསྡུས་དང་ཟུར་ལྟའི་དཔྱད་གཞི་འདྲ་བཤུས་བྱེད་པའམ་ཡང་ན་སློབ་ཁྲིད་འཆར་ཟིན་རྙིང་པ་དང་སློབ་ཁྲིད་གྲ་སྒྲིག་དེབ་རྙིང་པ་སྤྱད་ནས་སློབ་ཁྲིད་བྱེད་པ་སོགས་ནི་མི་རུང་ངོ་། 

    གཅིག སློབ་ཁྲིད་རྩ་གནད་ལ་སློབ་སྦྱོང་བྱས་ཏེ་འཆར་གཞི་གཏན་འཁེལ་བྱེད་པ།

    སློབ་ཁྲིད་རྩ་གནད་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་གཞིའི་དམིགས་ཡུལ་དང་ལས་འགན། ཤེས་བྱའི་ཁྱབ་ཁོངས། ཤེས་བྱའི་ཟབ་ཚད་དང་རྒྱ་ཆེ་ཆུང་། ད་དུང་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་རེ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱས་ཏེ་སློབ་ཁྲིད་ཁྲོད་མུན་འཐོམ་དང་གང་འདོད་ལྟར་བྱེད་པའི་སྣང་ཚུལ་ཉུང་དུ་གཏོང་དགོས་པ་དང་། སློབ་གཞིའི་འགོ་ནས་མཇུག་བར་ནན་ཏན་གྱིས་བཀླགས་ཏེ་སློབ་གཞིའི་ནང་དོན་གྱི་བླང་བྱ་དང་མ་ལག ཤེས་བྱ་བཅས་བར་གྱི་འབྲེལ་བ་དང་། སློབ་གཞི་ཧྲིལ་པོའི་ཁྲོད་ཀྱི་ལེའུ་དང་ས་བཅད་སོ་སོའི་གོ་གནས་དང་བྱེད་ནུས་ངོས་འཛིན་གང་ལེགས་བྱས་ནས། རྩོམ་སྒྲིག་པའི་བསམ་དོན་དེ་སློབ་ཁྲིད་ཀྱི་དམིགས་ཡུལ་གཏན་འཁེལ་དང་སློབ་ཁྲིད་ཀྱི་གོ་རིམ་བཀོད་སྒྲིག སློབ་ཁྲིད་ཀྱི་མཇུག་འབྲས་ཞིབ་བཤེར་བྱེད་པ་བཅས་ཕྱོགས་ཡོངས་ནས་མངོན་པར་མཚོན་དགོས་ལ། སློབ་ཁྲིད་རྩ་གནད་དང་རང་ས་གནས་སུ་བཀོད་སྒྲིག་བྱས་པའི་གཅིག་གྱུར་གྱི་སློབ་ཁྲིད་དུས་ཚོད་གཞིར་བཟུང་། སློབ་དུས་ཧྲིལ་པོའི་སློབ་ཁྲིད་འཆར་གཞི་བཟོ་དགོས། དེ་ཡང་དམིགས་ཡུལ་གྱི་བླང་བྱ་དང་། ཚན་པ་སོ་སོའི་སློབ་ཁྲིད་ཀྱི་བླང་བྱ། སློབ་ཐུན་དགར་བ་དང་སློབ་ཁྲིད་ཀྱི་མྱུར་ཚད། ད་དུང་འབྲེལ་ཡོད་སློབ་ཁྲིད་ཀྱི་་དུས་ཚོད་བཅས་བཀོད་སྒྲིག་བྱས་ནས། སློབ་གཞིའི་ནང་དོན་དང་འབྲེལ་ཏེ་ཚོད་ལྟ་བྱེད་པ་དང་། བཀོལ་སྤྱོད་དམ་ཁྲིད་ཆས་རང་སྐྲུན་གྱི་འཆར་གཞི་གཏན་འཁེལ་བྱེད་པ་དང་སྦྲགས། སློབ་ཁྲིད་བཅོས་བསྒྱུར་གྱི་ཚོད་ལྟ་དང་སློབ་ཁྲིད་ཞིབ་འཇུག་གི་ལེ་ཚན་ལའང་སྤྱི་འདོམས་ངང་ཚོད་དཔག་བྱེད་དགོས། འཆར་གཞི་དེར་སློབ་གྲྭ་དང་སློབ་ཁྲིད་ཞིབ་འཇུག་ཁང་གིས་ཞིབ་འཇུག་གཏན་འབེབས་བྱས་ནས་ཡིག་ཚང་དུ་ཉར་ཚགས་བྱ་དགོས།

    གཉིས། སློབ་གཞིར་ཞིབ་འཇུག་བྱས་ཏེ་ཁྲིད་ཐབས་གྲ་སྒྲིག་བྱེད་པ།

    སློབ་གཞི་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཡི་གེ་རེ་རེ་དང་ཚིག་འབྲུ་རེ་རེ། ཚན་པ་རེ་རེ་བཞིན་ཞིབ་འཇུག་ཞིབ་ཕྲ་བྱས་ཐོག སློབ་གཞིའི་ཚན་རིག་རང་བཞིན་དང་བརྒྱུད་རིམ་ལྡན་པའི་རང་བཞིན། བསམ་བློའི་རང་བཞིན་བཅས་ལ་ངོས་འཛིན་དང་། སློབ་གཞིའི་ཁྲོད་ཀྱི་ཚན་པ། ལེའུ་དང་ས་བཅད་ཀྱིས་སློབ་གཞི་ཧྲིལ་པོའི་ཁྲོད་ཀྱི་གནས་བབ་དང་བྱེད་ནུས། སྔ་རྗེས་གཡས་གཡོན་གྱི་འབྲེལ་བ་སོགས་ཤེས་རྟོགས་བྱས་ཏེ་སློབ་ཁྲིད་ཀྱི་བརྒྱུད་རིམ་གཟབ་ནན་ངང་གཏན་འཁེལ་བྱེད་དགོས་པ་མ་ཟད། ཆེས་ཕུལ་དུ་བྱུང་བའི་སློབ་ཁྲིད་ཐམས་ལམ་སྤྱད་དེ་སློབ་ཁྲིད་ཀྱི་ཕན་འབྲས་མཐོར་འདེགས་ཡོང་བར་བྱེད་དགོས་པ་དང་། དཔེ་དེབ་ཁྲོད་ཀྱི་རི་མོ་དང་རེའུ་མིག ཚོད་ལྟ། མཆན་འགྲེལ། གསལ་བཤད་བཅས་ལ་ནན་ཏན་ངང་དབྱེ་ཞིབ་བྱེད་དགོས་པར་མ་ཟད། ད་དུང་སློབ་གཞི་དང་མཉམ་སྦྱོར་ཡོང་བ་བྱེད་དགོས། སྣེ་ཁྲིད་རང་བཞིན་གྱི་བློ་སྟོན་དང་། བསམ་གཞིག་རང་བཞིན་གྱི་དོགས་འདྲི། ཚན་རིག་རང་བཞིན་ལྡན་པའི་ཇུས་འགོད། ཆོས་ཉིད་ཅན་གྱི་ནང་དོན་སྤྱི་སྡོམ་དང་བྱེད་ཐབས་སོགས་བེད་སྤྱད་དེ་སློབ་མའི་སློབ་སྦྱོང་གི་ནུས་པ་དང་དགེ་རྒན་གྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱི་ཚུལ་ཙམ་གྱི་སློབ་ཁྲིད་བྱེད་ཐབས་ལ་སུན་འབྱིན་བྱས་ཏེ་ཤེས་བྱའི་སློབ་ཁྲིད་དང་ནུས་པའི་གསོ་སྐྱོང་གི་སློབ་ཁྲིད་བྱེད་ཐབས་ལ་སྣང་ཆུང་བྱེད་པའི་བྱེད་ཐབས་དག་རྩ་བ་ནས་འདོར་དགོས། སློབ་གཞིའི་ནང་གི་བསྐྱར་སྦྱོང་ངམ་དངོས་བཀོལ་འདྲི་གཞི་དག་ལ་ལན་བཏབ་སྟེ་བསྐྱར་སྦྱོང་གི་དམིགས་ཡུལ་དང་དཀའ་སླའི་ཚད་གཞི་ཤེས་པར་བྱས་ཏེ། དམིགས་ཡུལ་ལྡན་པ་དང་་སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ་སློབ་མར་སློབ་ཁྲིད་བྱེད་དགོས།

    གསུམ། སློབ་མར་རྒྱུས་ལོན་བྱས་ཏེ་ཁྲིད་ཐབས་གྲ་སྒྲིག་བྱེད་པ།

    སློབ་མའི་ལོ་ཚོད་དང་ཁྱད་ཆོས་ལ་བསམ་བློ་གང་ལེགས་གཏོང་བ་དང་སློབ་མའི་ཤེས་བྱའི་རིམ་པ་དང་ནུས་པའི་ཆུ་ཚད་ལ་དབྱེ་ཞིབ་བྱས་ཏེ། སློབ་ཁྲིད་མ་བྱས་གོང་དུ་སྔོན་སྦྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་དགའ་ཕྱོགས་ལ་རྒྱུས་ལོན་བྱས་ཏེ་སློབ་མའི་བསམ་བློ་རྒྱ་སྐྱེད་གཏོང་དགོས་ཤིང་། སློབ་མའི་སློབ་སྦྱོང་བྱེད་ཐབས་དང་སློབ་སྦྱོང་གི་ནུས་པར་རྒྱུས་ལོན་པ་བྱས་ཏེ་སློབ་མའི་དབྱེ་ཞིབ་དང་ཕྱོགས་བསྡུས་གོ་བསྡུར། སྙིང་བསྡུས་བཅས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། སློབ་མའི་བསམ་ཚུལ་དང་སྙིང་སྟོབས། ལུས་པོའི་བདེ་ཐང་གི་གནས་ཚུལ་སོགས་ལ་རྒྱུས་ལོན་པ་བྱས་ཏེ་སློབ་མས་སློབ་སྦྱོང་སྐབས་སུ་རྣམ་གཡེང་སྤངས་ནས་སེམས་པ་རྣལ་ལ་ཕབ་པར་སྣེ་ཁྲིད་བྱེད་དགོས།

    བཞི། ལག་ལེན་ལ་མཐོང་ཆེན་བྱས་ཏེ་ཚོད་ལྟ་མང་པོ་བྱེད་པ།

    སློབ་ཁྲིད་བྱེད་སྐབས་བཀོལ་སྤྱོད་བྱེད་དགོས་པའི་དཔྱད་ཆས་དང་དཔེ་གཟུགས། འགེལ་རིས། དངོས་རྫས། སྒྲོན་བརྙན་དང་སྒྲ་སྡུད། བརྙན་ཕབ་བཅས་སྔོན་ལ་གྲ་སྒྲིག་གང་ལེགས་བྱས་ཏེ། སློབ་ཁྲིད་ཀྱི་ནང་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལ། བཀོལ་སྤྱོད་བྱང་ཆ་ལྡན་པ་དང་འགྲིག་པ། ཚད་ལྡན་བཅས་ཀྱི་སྒོ་ནས་བྱེད་ནུས་ངེས་ཅན་ཐོན་པར་བྱེད་དགོས། སློབ་ཆུང་གི་རང་བྱུང་དང་སློབ་འབྲིང་གི་དངོས་ལུགས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་རིག་གཞུང་ཚན་ཁག་ལ། གཅིག་ནས་ཚོད་ལྟའི་རྒྱུ་ཆ་གྲ་སྒྲིག་ཆ་ཚང་བ་དང་། གཉིས་ནས་ཚོད་ལྟ་ལེགས་འགྲུབ་ཡོང་བ་བྱེད་དགོས། ཚོད་ལྟའི་ཁྲོད་དུ་ཐོན་སྲིད་པའི་སྣང་ཚུལ་གསལ་པོར་ཤེས་པ་དང་། ཐོན་སྲིད་པའི་གནད་དོན་ལ་བསམ་བློ་ཞིབ་ཕྲ་གཏོང་དགོས། སྐྱོན་ཆ་འབྱུང་སླ་བའི་ཐད་ལ་དག་བཅོས་བཟང་པོ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཚོད་ལྟ་ལེགས་འགྲུབ་ཡོང་བའི་ཁག་ཐེག་བྱེད་ཐུབ།

    ལྔ། སློབ་ཁྲིད་ཀྱི་འཆར་གཞི་ལེགས་པར་འགོད་པ།

    སློབ་མར་དྲི་བ་མང་པོ་འདོན་དུ་འཇུག་དགོས་ཤིང་། དྲི་བ་འདོན་སྐབས་བསམ་གཞིག་ཞིབ་མོ་བཏང་སྟེ། རགས་པ་ནས་ཕྲ་ཞིབ་དང་མགོ་མཇུག་འབྲེལ་ཆགས་ཀྱི་དྲི་བ་འདོན་པའི་ཁྲིད་སྟོན་བྱེད་དགོས། ཤེས་བྱ་གསར་པ་སློབ་ཁྲིད་བྱེད་སྐབས་ཤེས་བྱ་རྙིང་པ་དང་ཟུང་དུ་སྦྲེལ་དགོས། སློབ་མར་རང་ཉིད་ཀྱི་ཁྱད་ཆོས་རྟོགས་སུ་འཇུག་དགོས་པ་དང་། སྡོམ་ཚིག་སྙིང་བསྡུས་བྱས་ཏེ་སློབ་མའི་ད་ཡོད་ཀྱི་ཆུ་ཚད་དང་བསྟུན་དགོས། སློབ་མའི་གནས་ཚུལ་དངོས་ལ་དམིགས་དགོས་ཤིང་། སློབ་མའི་སློབ་སྦྱོང་ཁྲོད་ཀྱི་ཞན་ཆ་དང་རྒྱུན་དུ་འབྱུང་བཞིན་པའི་ནོར་འཁྲུལ་གཞིར་བཟུང་སྟེ་སློབ་ཁྲིད་བྱེད་དགོས། དམའ་འབྲིང་གི་སྐད་ཡིག་སློབ་ཁྲིད་བྱེད་པར་སྤྱིར་བཏང་དུ་སློབ་ཁྲིད་བྱེད་ཐབས་སྣ་གཅིག་བེད་སྤྱོད་བྱེད་དགོས་ཤིང་། སློབ་མར་སྐད་ཡིག་ཆུ་ཚད་ཀྱི་ཤེས་བྱའི་མ་ལག་སྦྱོང་བརྡར་བྱེད་དགོས་པའི་སྐུལ་མ་ཡང་གཏོང་དགོས་ལ། སྤྱིར་རིག་ཚན་གང་གི་དགེ་རྒན་ཡིན་ཡང་། སློབ་གསོའི་ཐམས་ལམ་ལ་ནན་ཏན་གྱིས་ཞིབ་འཇུག་དང་ལག་ལེན་བྱས་ཏེ། ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། མདོར་ན་སློབ་ཁྲིད་ལས་ལ་འཇུག་མཁན་ཞིག་ཡིན་ཕྱིན་རང་ཉིད་ཀྱི་སྐྱོན་ཆ་དག་གཙང་སེལ་བྱེད་པ་དང་། སློབ་ཁྲིད་གོང་གི་གྲ་སྒྲིག་ལེགས་པོ་བྱས་ནས་སློབ་གསོས་མི་སྐྱོང་གི་འགན་འཁྲི་ལེགས་པར་འཁུར་དགོས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།