[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པར་ལྡན་དགོས་པའི་ལས་ཀའི་བྱང་ཚད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བདེ་སྐྱིད་སྒྲོལ་དཀར།    |    སྤེལ་དུས།   2019-04-26

    དང་པོ། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པར་ཆབ་སྲིད་ཀྱི་བྱང་ཚད་དང་འཇོན་ཐང་ངེས་ཅན་ལྡན་དགོས།

    སྨྱན་སྦྱོར་གསར་པའི་དུས་རབས་སུ་མི་འགའ་ཤས་ཀྱིས་སྨྱན་སྦྱོར་གསར་པ་ནི་ཚོད་འཛིན་བྱེད་མི་དགོས་པའི་དྲིལ་བསྒྲགས་ཡོ་བྱད་ཅིག་ཡིན་པས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ལྡན་མི་ལྡན་གནད་འགག་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་དེ་ནི་ཏང་གི་གསར་འགྱུར་བྱ་གཞག་དང་སྨྱན་སྦྱོར་གསར་པའི་དུས་རབས་ལ་བཅངས་པའི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད། ཚང་མས་ཤེས་གསལ་ལྟར། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་གསར་འགྱུར་མཚམས་སྦྱོར་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། སྨྱན་སྦྱོར་ནི་དྲིལ་བསྒྲགས་ཀྱི་ཡོ་བྱད་ཡིན་པ་དང་དེ་ནི་མི་སེམས་འགུག་ཐུབ་མིན་གྱི་གནད་འགག་ཆེ་བའི་སྟོབས་ཤུགས་ཡིན་ལ་དེའི་ཁ་ཕྱོགས་ས་ནི་མི་དམངས་མང་ཚོགས་ཡིན། གསར་འགྱུར་གླེང་ཕྱོགས་ནི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ཁྲོད་ཆེས་མདུན་གྲལ་དུ་གནས་ཡོད་པ་དང་ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་གྱིས་མི་སེམས་འགུལ་བ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་ཐུབ། གལ་སྲིད་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ནོར་འཁྲུལ་བྱུང་ཚེ། མི་སེམས་ཉམས་དམས་སུ་གཏོང་བ་དང་དཔའ་ངར་བཅོམ་པ་སོགས་པའི་གནས་ཚུལ་ཐོན་སྲིད། དེར་བརྟེན་དུས་འདས་པ་དང་མ་འོངས་པའི་ལོ་ཟླ་གང་ཡིན་རུང་། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པ་ནི་སྨྱན་སྦྱོར་རྙིང་པའི་རྩོམ་སྒྲིག་པ་དང་འདྲ་བར། ཚང་མར་ཆབ་སྲིད་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས། ལྷག་པར་དུ་སྣ་མང་གི་རིག་གནས་མཉམ་དུ་འདྲེས་པའི་དུས་རབས་འདིར། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པར་དེ་བས་ཆབ་སྲིད་ཀྱི་བྱང་ཚད་དང་འཇོན་ཐང་ངེས་ཅན་ཞིག་ལྡན་དགོས་པ་སྟེ། གཙོ་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་བརྟན་སྲུང་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ་དང་དྲིལ་བསྒྲགས་ལེགས་པོ་བྱེད་དགོས། དེ་བཞིན་ཡང་དག་པ་དང་ཡར་ཐོན་གྱི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཆུ་ཚད་མཐོ་རུ་གཏོང་བ། དྲ་ཐོག་གི་གླེང་ཕྱོགས་ཁོར་ཡུག་ལེགས་པོ་སྐྲུན་ཆེད་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུ་ནི་སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པའི་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ཡིན།

    གཉིས་པ། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་པར་རྩོམ་སྒྲིག་གི་བྱང་ཚད་ངེས་ཅན་ལྡན་དགོས།

    སྲོལ་རྒྱུན་གྱི་ཤོག་རིགས་སྨྱན་སྦྱོར་དང་བསྡུར་ན། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་ཐད་གོ་རིམ་དང་བྱེད་ཐབས་སོགས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། སྨྱན་སྦྱོར་གསར་པའི་གསར་འགྱུར་རྩོམ་སྒྲིག་བྱེད་པའི་སྐབས་དྲ་བའི་གསར་འགྱུར་གྱི་ཁྱད་ཆོས་ལ་གཞིགས་ནས་ཆ་འཕྲིན་སྤེལ་བའི་ནུས་པ་འདོན་སྤེལ་གཙོ་བོར་བྱེད་དགོས། དྲ་བའི་གསར་འགྱུར་དྲིལ་བསྒྲགས་བྱེད་པའི་དུས་སྐབས་སུ་རྙོག་འཛིང་ཆེ་བའི་གྲངས་ཀ་དང་ཡི་གེའི་ཁ་གྲངས་མང་བའི་གསར་འགྱུར་ནང་དོན་གྱིས་ཀློག་པ་པོས་གསར་འགྱུར་བལྟ་ཀློག་བྱེད་པར་དཀའ་ལས་བཟོ་གི་ཡོད། དྲ་བའི་གསར་འགྱུར་རྩོམ་སྒྲིག་པས་གསར་འགྱུར་བརྩམས་ཆོས་རྩོམ་སྒྲིག་བྱེད་པའི་དུས་སུ་གསར་འགྱུར་གྱི་ནང་དོན་ལ་ཤེས་རྟོགས་གང་ལེགས་བྱས་ནས་གསར་འགྱུར་གྱི་ནང་དོན་བལྟ་བདེ་བ་དང་། ཁ་གསལ་བ། སྟབས་བདེ་བ་ཞིག་རྩོམ་སྒྲིག་བྱེད་དགོས། ཡིག་འབྲུ་ཉུང་བ་དང་དུམ་བུ་ཐུང་བའི་གསར་འགྱུར་བརྩམས་ཆོས་ཐུང་གྲས་ཀྱི་འབྲི་ཐབས་སྤྱོད་པ་དང་གསར་འགྱུར་བརྩམས་ཆོས་ཀྱི་ནང་དོན་གཙོ་བོ་དང་རིན་ཐང་ཆེ་ཤོས།ཆ་འཕྲིན་གསར་ཤོས་བཅས་ཀྱི་ནང་དོན་དེ་དག་གསར་འགྱུར་གྱི་བརྩམས་བྱའི་ནང་དོན་ལ་བཀོད་ན་དྲ་གྲོགས་ཚོས་དུས་ཚོད་ཐུང་ཤོས་ནང་གསར་འགྱུར་གྱི་ནང་དོན་གཙོ་བོ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།

    གཅིག སྨྱན་སྦྱོར་གསར་པའི་གསར་འགྱུར་རྩོམ་སྒྲིག་ཁྲོད་རྩོམ་སྒྲིག་པས་སྒྲུབ་དགོས་པའི་སྤུས་ཚད།

    (1)གསར་འགྱུར་གྱི་རིན་ཐང་ལ་གཞིགས་ནས་གསར་འགྱུར་གདམ་གསེས་ཚད་ལྡན་བྱེད་དགོས།

    (2)ནང་དོན་ཉུང་ལ་གཙོ་ཆེའི་ཆ་འཕྲིན་ཚང་བ།ཆ་འཕྲིན་གསར་ཤོས་དང་གལ་ཆེ་ཤོས་མངོན་གསལ་དོད་པོའི་གནས་སུ་འཇོག་དགོས།

    (3)ཁ་བྱང་ཡག་པོ་བཟོས་ནས་དྲ་ཚོགས་ཀྱི་སེམས་འགུག་པ་བྱེད་དགོས།

    (4)སྐབས་འགར་གསར་འགྱུར་མང་པོ་ཞིག་དབྱེ་བ་འབྱེད་ནས་གསར་འགྱུར་གྱི་ཆེད་སྒྲིག་དང་ཡང་ན་ལེ་ཚན་བཟོ་དགོས། ཆེད་སྒྲིག་དང་ཡང་ན་ལེ་ཚན་གཉེར་སྟངས་ཐོག་ནས་རྩོམ་སྒྲིག་པའི་ལས་སྒོའི་ཆུ་ཚད་དང་ཁྱོན་ཡོངས་ཀྱི་བྱང་ཚད་མཐོང་ཐུབ།

    (5)དྲ་ཐོག་གི་ལྟ་ཚད་ལ་དབྱེ་ཞིབ་ཡང་སེ་བྱས་ནས་དྲ་གྲོགས་ཚོའི་ལྟ་ཀློག་གི་དགའ་ཕྱོགས་ལ་བརྩི་འཇོག་བྱེད་དགོས་པ་དང་དྲ་གྲོགས་ཚོར་དམིགས་ནས་གསར་འགྱུར་སྤེལ་བ།

    (6)ཆ་འཕྲིན་སྔར་བས་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་སྤེལ་དགོས་པ་སྟེ་ཡི་གེ་དང་པར་རིས། འགུལ་རིས། སྒྲ་ལམ། བརྙན་ལམ། རི་མོ་ལ་སོགས་པའི་མ་ལག་ཕན་ཚུན་འབྲེལ་བ་དང་མཉམ་སྤྱོད་བྱས་ནས་དྲ་གྲོགས་ཚོའི་མིག་དབང་འགུག་ཐུབ་པ་དང་ཁོང་ཚོར་བག་ཆགས་ཟབ་མོ་འཇོག་དགོས།

    གཉིས། གསར་འགྱུར་རྩོམ་སྒྲིག་ཁྲོད་རྩོམ་སྒྲིག་པས་འབད་འགྲུབ་བྱེད་ཕྱོགས།

    (1)སྤྱི་ཚོགས་དངོས་ཀྱི་ཤེས་ཚོར་ནུས་པ་ཆེ་རུ་གཏོང་དགོས།

    (2)སྨྱན་སྦྱོར་གསར་པའི་གསར་འགྱུར་ཆེད་ལས་ཀྱི་ཤེས་བྱ་དང་ལག་རྩལ་གྱི་རྩལ་ནུས་གང་ཆེར་གཏོང་དགོས།

    (3)གསར་འགྱུར་ཇུས་འགོད་དང་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས།

    (4)དྲ་གྲོགས་དབར་གྱི་འབྲེལ་འདྲིས་ནུས་པ་ཆེ་རུ་གཏོང་དགོས།

    གསུམ་པ། ཁ་བྱང་ཡག་པོ་བཟོ་དགོས་པའི་སྐོར།

    སྨྱན་སྦྱོར་གསར་པའི་གསར་འགྱུར་གྱི་ཁ་བྱང་གིས་དྲ་གྲོགས་ཚོས་གསར་འགྱུར་བརྩམས་ཆོས་བལྟ་ཀློག་བྱེད་པར་ནུས་པ་ཤུགས་ཆེན་ཐོན་གྱི་ཡོད། དྲ་གྲོགས་ཚོས་དྲ་ཐོག་གི་གསར་འགྱུར་བལྟ་ཀློག་བྱེད་པའི་དུས་དང་པོར་མིག་ལམ་དུ་མངོན་པ་ནི་གསར་འགྱུར་གྱི་ཁ་བྱང་དེ་ཡིན་པ་རེད། དྲ་གྲོགས་ཀྱིས་གསར་འགྱུར་ཁ་བྱང་བརྒྱུད་གཞི་ནས་གསར་འགྱུར་ནང་དོན་ལ་བལྟ་ཀློག་བྱེད་ཀྱི་ཡོད་པ་དང་གསར་འགྱུར་གྱི་ནང་དོན་ཡག་པོ་ཡོད་ཀྱང་ཁ་བྱང་གིས་རྐྱེན་པས་གསར་འགྱུར་བལྟ་མཁན་ཉུང་ཉུང་ཡིན་ཚེ། རྩོམ་སྒྲིག་པས་བཟོས་པའི་ཁ་བྱང་འདི་དྲ་གྲོགས་ཚོས་བལྟ་འདོད་པའི་གསར་འགྱུར་ཁ་བྱང་ཞིག་མིན་པ་ཡིན་སྲིད། སྨྱན་སྦྱོར་གསར་པའི་གསར་འགྱུར་གྱི་ཁ་བྱང་གིས་གསར་འགྱུར་གྱི་ནང་དོན་ནོར་འཁྲུལ་མེད་པར་མངོན་པའི་རྨང་གཞི་གཙོ་བོ་འདིའི་སྟེང་ ཁ་བྱང་ལ་གསར་འགྱུར་གྱི་ནང་དོན་ཚང་མ་ལྡན་མི་དགོས་པར“བལྟ་ཀློག་བྱེད་མཁན་དྲ་གྲོགས་མང་པོ་ཡོང་བ”གཙོ་བོར་བསམ་གཞིག་བྱས་ནས་བཟོས་ན་ལེགས།

    ཁ་བྱང་བཟོ་སྐབས་ཀྱི་དོ་སྣང་བྱེད་དགོས་པའི་གྲུབ་ཆ།

    (1)གསར་འགྱུར་གྱི་དོན་དངོས་གསལ་བཤད་ཁ་གསལ་ལ་ཡང་དག་བྱ་དགོས།

    (2)གསར་འགྱུར་གི་རིན་ཐང་ཆེ་ཤོས་དེ་འབུར་དུ་ཐོན་པར་བྱ་དགོས།

    (3)གསར་འགྱུར་གསར་པ་ཞིག་གི་ཁྲོད་ལྡན་པའི་འགྱུར་ལྡོག་དང་འགྱུར་ལྡོག་བྱུང་བའི་དོན་སྙིང་གསལ་པོ་བཟོ་དགོས།

    (4)དྲ་གྲོགས་ཚོའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་སྐོར་དམིགས་སུ་བཏོན་ན་ལེགས།

    (5)དྲ་གྲོགས་ཀྱི་བསམ་ཚུལ་སྣ་ཚོགས་དང་མཉམ་སྒྲོག་ཐུབ་པ་བྱུང་ན་བཟང་།

    (6)དྲ་གྲོགས་ཀྱི་ཡིད་དབང་འགུག་ཆེད་ཁ་བྱང་མི་སེམས་འགུལ་བ་བཟོས་ནས་ནང་དོན་དང་མ་མཚུངས་པ་སྤོང་དགོས།

    བཞི། རྩོམ་སྒྲིག་བྱེད་ཐབས་གསར་གཏོད་བྱ་དགོས།

    གསར་འགྱུར་མཚོན་ཚུལ་གྱི་རྣམ་པ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་འགྱུར་དང་ཆ་འཕྲིན་འབུར་གཟུགས་ལྡན་པའི་ངང་ནས་ཁྱབ་སྤེལ་བྱེད་པར་དོ་སྣང་བྱེད་དགོས། སྒྲ་ཟློས་དང་། བརྙན་རིས། འགུལ་བརྙན། H5 ARསོགས་ཀྱི་ལག་རྩལ་ལ་བརྟེན་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་སྤེལ་བ་དང་ཐོན་རྫས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་ཀྱི་མཚོན་ཐབས་སྔར་བས་ཕུན་སུམ་ཚོགས་པ་བཅས་ཀྱི་ཐོག་ནས་ཁྱབ་སྤེལ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ། སྤྱོད་མཁན་གྱི་དོན་དངོས་ཙམ་མ་ཟད་དང་དགོས་མཁོ་དང་རྒྱང་ཐག་ཉེ་བའི་གསར་འགྱུར་ཐོན་རྫས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།

    ལྔ། དྲ་གྲོགས་དང་རྩོམ་སྒྲིག་པའི་དབར་གྱི་འབྲེལ་འདྲིས་འཇོན་ཐང་ཆེ་རུ་གཏོང་དགོས།

    རྩོམ་སྒྲིག་པས་དེང་དུས་ཀྱི་ཆ་འཕྲིན་བསྐུར་བྱེད་ཀྱི་ཡོ་བྱད་སྤྱོད་ཐབས་ལ་བརྟེན་ནས་དྲ་གྲོགས་དང་རྩོམ་སྒྲིག་པའི་དབར་ལ་དུས་རྟག་ཏུ་སྤེལ་རེས་དང་འབྲེལ་མཐུད་བྱེད་ཐུབ་ན་ཚང་མར་དེ་བས་ལེགས་པའི་གསར་འགྱུར་ཞབས་ཞུ་བྱ་རྒྱུར་འགན་ལེན་བྱེད་ཐུབ་ལ། རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་དྲ་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཆེ། སྨྱན་སྦྱོར་གསར་པར་དཔྱད་གཏམ་སྤེལ་ས་ཡོད་པས་དྲ་གྲོགས་ཀྱིས་བསམ་འཆར་དང་རེ་བ་དུས་ཐོག་ཏུ་སྤེལ་ཐུབ། དེས་དྲ་གྲོགས་ཚོས་ཐད་ཀར་གསར་འགྱུར་སྤེལ་བའི་ལས་ཀའི་ནང་ཞུགས་ཐུབ་ཀྱི་ཡོད་པ་མ་ཟད་རྩོམ་སྒྲིག་པས་དྲ་གྲོགས་ཀྱི་བསམ་ཚུལ་དངོས་ཤེས་རྟོགས་ཐུབ་པ་བྱེད་ཐུབ། ཉིན་ལྟར་གསར་འགྱུར་བལྟ་མཁན་དྲ་གྲོགས་མང་ཉུང་དང་གསར་འགྱུར་གྱི་ནང་དོན་གང་ལ་བལྟ་མཁན་མང་ཉུང་སོགས་ལ་དབྱེ་ཞིབ་བྱས་ནས་སྨྱན་སྦྱོར་གསར་པའི་ལས་ཀར་དུས་རྟག་ཏུ་སྒྱུར་བཅོས་བྱས་ན་དྲ་བའི་སྨྱན་སྦྱོར་ལས་ཀ་དེ་བས་ཡག་པོ་སྒྲུབ་ཐུབ།

    མདོར་ན། མ་འོངས་པའི་དུས་ཚོད་ནང་གསར་དར་གྱི་སྨྱན་སྦྱོར་བྱ་གཞག་མགྱོགས་ནས་མྱུར་དུ་འཕེལ་རྒྱས་འགྲོ་རྒྱུ་གཏན་འཁེལ་ཡིན་ལ་འགྲན་རྩོད་ཀྱང་ཆེན་པོ་ཡོད་པ་ནི་སྨོས་མེད་རེད། དེར་བརྟེན། སྨྱན་སྦྱོར་གསར་པའི་གསར་འགྱུར་རྩོམ་སྒྲིག་པས་དུས་རྟག་ཏུ་དྲ་བའི་ལག་རྩལ་དང་གསར་འགྱུར་རྩོམ་སྒྲིག་གི་ཤེས་བྱ་སློབ་སྦྱོང་བྱས་ནས་ཕུལ་བྱུང་གི་གསར་འགྱུར་རྩོམ་སྒྲིག་པ་ཞིག་ལ་འགྱུར་བའི་བརྩོན་ལེན་བྱེད་དགོས།

    (ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ཀྱི་བདེ་སྐྱིད་སྒྲོལ་དཀར)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།