[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • སློབ་མའི་གྲངས་རིག་སློབ་སྦྱོང་དང་བརྩེ་སེམས་གསོ་སྐྱོང་བར་གྱི་འབྲེལ་བ་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་ལྷུན་རྩེ་སློབ་ཆུང་གི་པད་མ་ལྷ་འཛོམས།    |    སྤེལ་དུས།   2019-05-08

    གྲངས་རིག་ནི་རང་བྱུང་ཚན་རིག་གི་ནང་ཚན་དུ་གཏོགས་ཤིང་། སློབ་མའི་བརྩེ་སེམས་ནི་སློབ་མའི་རང་ངོས་ནས་གྲུབ་པའི་འདང་རྩིས་སྣ་ཚོགས་ཤིག་ཡིན་མོད། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་རྟེན་འབྲེལ་གྱི་འབྲེལ་བའི་ལམ་ནས་གནས་ཡོད་པས། གྲངས་རིག་སློབ་སྦྱོང་དང་སློབ་མའི་བརྩེ་སེམས་བར་གྱི་འབྲེལ་བའང་རྟེན་འབྲེལ་གྱི་རང་བཞིན་ཅན་ཞིག་ཡིན་ལ། ཚན་ཉིད་རིག་པར་ཡང་བྱ་དངོས་ཡོད་ཚད་འགལ་ཟླ་གཅིག་གྱུར་ཅན་གྱི་འབྲེལ་བར་གནས་ཡོད་པ་བསྟན་ཡོད། འདིར་གནས་ལུགས་དང་རྒྱུ་མཚན་འདི་ལ་བརྟེན་ནས་སློབ་མའི་གྲངས་རིག་སློབ་སྦྱོང་དང་བརྩེ་སེམས་གསོ་སྐྱོང་བར་གྱི་འབྲེལ་བ་རགས་ཙམ་གླེང་ན།

    གཅིག གྲངས་རིག་སློབ་པའི་གལ་ཆེའི་རང་བཞིན།

    གྲངས་རིག་ནི་འཕེལ་རྒྱས་ཀྱི་ཐོག་མའི་བརྒྱུད་རིམ་ཁྲོད་སྤྱོད་གོ་ཤིན་ཏུ་ཆེ་བའི་རིག་པའི་ལག་ཆ་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་མཐའ་དག་གི་གནད་དོན་ཐག་གཅོད་བྱེད་པར་མེད་དུ་མི་རུང་བའི་རིག་པ་ཞིག་སྟེ། དཔེར་ན་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་སྤྱི་ཚོགས་ཀྱི་བགོ་བཤའ་དང་བྱེད་སྒོ་ཐམས་ཅད་གྲངས་རིག་ལ་བརྟེན་ཡོད་པས། མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་བསྟུན་ཏེ་གྲངས་རིག་གི་སྤྱོད་གོའང་རིམ་བཞིན་སྤྱིར་བཏང་གི་ལག་རྩལ་དང་ཚན་རིག་གི་ཁྱབ་ཁོངས་སུ་རྒྱ་སྐྱེད་བྱུང་ཞིང་གཏིང་ཇེ་ཟབ་ཏུ་སོང་ཡོད། གནའ་བོའི་ཀེ་རི་སི་རྒྱལ་ཁབ་ནས་གྲངས་རིག་དང་ཚན་ཉིད་རིག་པའི་བར་འབྲེལ་བ་གཏིང་ཟབ་ཆགས་པ་དང་། ད་ལྟའི་ཆར་གྲངས་རིག་ནི་སླར་ཡང་རང་བྱུང་ཚན་རིག་གི་གྲས་སུ་ཚུད་དེ། གྲངས་རིག་གི་ལམ་ནས་མིའི་རིགས་ཀྱི་བྱང་ཚད་མཐོར་གཏོང་དང་དེང་རབས་ཀྱི་དགོས་མཁོར་འཚམ་པའི་ཤེས་ཡོན་ཅན་སྣ་ཚོགས་སྐྱེད་སྲིང་ལ་སློབ་གསོའི་ནུས་པ་ཆེན་པོ་ཐོན་པས། ཚན་རིག་འཕེལ་རྒྱས་དང་བསྟུན་ནས་གྲངས་རིག་གི་བྱེད་ནུས་སྔར་ལས་ཆེ་བར་གྱུར་ཡོད། དཔེར་ན། ལག་རྩལ་གསར་པའི་རྨང་གཞི་ནི་ཚན་རིག་ཡིན་ལ། ཚན་རིག་གི་རྨང་གཞི་ནི་གྲངས་རིག་ལ་བརྟེན་ཡོད། ཡང་དཔེར་ན་རྩིས་འཁོར་དར་བ་དང་བསྟུན་ནས་གྲངས་རིག་ནི་ཚན་རིག་ཡིན་ལ་ལག་རྩལ་ཡང་ཡིན་པ་སྔར་ལས་གསལ་པོར་རྟོགས་ཐུབ། གློག་རྡུལ་རྩིས་འཁོར་ནི་གྲངས་རིག་དང་བཟོ་སྐྲུན་གཉིས་ཀའི་ཐོན་འབྲས་ཡིན་པས། ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོ་སོར་གྲངས་རིག་གིས་འགག་རྩའི་ནུས་པ་བཏོན་ཡོད་པས། ད་ལྟ་སྐར་རྩིས་རིག་པ་དང་། བཟོ་སྐྲུན་རིག་པ། དཔལ་འབྱོར་རིག་པ་སོགས་རིག་ཚན་ཅི་ཞིག་ཡིན་རུང་། གྲངས་རིག་ལ་བརྟེན་ཞིང་གྲངས་རིག་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། སྤྱིར་བཏང་གི་སློབ་གསོའི་ཁྲོད་དུ་གྲངས་རིག་སློབ་གསོ་གལ་ཤིན་ཏུ་ཆེ་བར་འཛིན་དགོས་པ་སྨྲོས་ཅི་དགོས།

    གཉིས། སློབ་མའི་གྲངས་རིག་སློབ་སྦྱོང་གི་བརྩེ་སེམས་གསོ་སྐྱོང་གི་རྒྱུ་རྐྱེན།

    གྲངས་རིག་སློབ་གསོའི་ཕན་ནུས་ཆེ་ཤོས་ནི་སློབ་མ་གྲངས་རིག་སློབ་གསོའི་བྱེད་སྒོར་ཞུགས་སུ་འཇུག་རྒྱུ་དེ་ཡིན་ལ། གྲངས་རིག་གི་བྱེད་སྒོར་ཞུགས་པའི་ཚད་དང་སློབ་མའི་བརྩེ་སེམས་བར་འབྲེལ་བ་དམ་ཟབ་ཡོད་དེ། དཔེར་ན་གྲངས་རིག་སློབ་སྦྱོང་གི་སྐུལ་སློང་དང་། བརྒྱུད་རིམ། ཉམས་མྱོང་། སེམས་ཁུར། ངོས་འཛིན། ཡིད་ཆེས། འདུ་ཤེས་སོགས་ཀྱི་བར་འབྲེལ་བ་ཤིན་ཏུ་ཟབ་ལ། སེམས་ཁམས་རིག་པའི་གཞུང་ལུགས་ལྟར་ནའང་། རང་ཉིད་ཀྱི་ཀུན་སློང་དང་བརྩེ་སེམས། སྤོབས་པ་སོགས་རིག་སྟོབས་མ་ཡིན་པའི་ཤེས་པས་གྲངས་རིག་སློབ་སྦྱོང་དང་རིག་སྟོབས་སྔོག་འདོན་ལ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཆེན་པོ་བསྐྲུན་ཞིང་། རིག་སྟོབས་མ་ཡིན་པའི་ཤེས་པ་དེ་དག་ནི་རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་མཚོན་བྱེད་གལ་ཆེན་ཡིན་པས། གྲངས་རིག་སློབ་ཁྲིད་བྱེད་སྒོར་སློབ་མའི་རིག་སྟོབས་མ་ཡིན་པའི་ཤེས་པ་དེ་དག་གཙིགས་སུ་འཛིན་དགོས། གྲངས་རིག་སློབ་སྦྱོང་ལ་སྐུལ་བའི་བརྒྱུད་རིམ་ཁྲོད་སློབ་མའི་བརྩེ་སེམས་གལ་ཆེན་ལ་བཟུང་སྟེ། རིག་སྟོབས་མ་ཡིན་པའི་ཤེས་པ་དང་རིག་སྟོབས་ཀྱི་ཤེས་པ་གཉིས་དོ་མཉམ་ལམ་ནས་སྔོག་འདོན་བྱས་ན་ཤིན་ཏུ་ལེགས་སྙམ།

    གསུམ། སློབ་མའི་གྲངས་རིག་གི་འདུ་ཤེས་སྐྱེད་སྲིང་བྱེད་པ།

    གྲངས་རིག་སློབ་གསོའི་སྔོན་འགྲོའི་རྒྱུ་རྐྱེན་ལས་ཐོག་མར་གྲངས་རིག་གི་གལ་ཆེའི་རང་བཞིན་རྟོགས་སུ་འཇུག་རྒྱུ་དེ་ཡིན། དེའང་གྲངས་རིག་གིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཚན་རིག་དང་ལག་རྩལ་སོགས་ལ་ཐོན་པའི་བྱེད་ནུས་དང་སྤྱོད་གོར་ངེས་ཤེས་གསལ་པོ་རྙེད་དུ་འཇུག་དགོས། དེ་ནས་སློབ་མའི་གསར་གཏོད་ཀྱི་ནུས་པ་དང་ལག་ལེན་གྱི་དགོས་མཁོར་བསྟུན་ཏེ་སློབ་ཁྲིད་བྱས་ན། སློབ་མས་གྲངས་རིག་གི་གལ་ཆེའི་རང་བཞིན་དང་གནད་དོན་ཤེས་རྟོགས་ལ་རམ་འདེགས་ཐུབ་པ་མ་ཟད། སློབ་མའི་དོགས་སློང་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ། སློབ་མར་གྲངས་རིག་སློབ་སྦྱོང་གི་གོ་རིམ་ཁྲོད་མྱོང་ཚོར་དང་འབྲེལ་འདྲིས་སྣ་ཚོགས་ཉམས་སུ་ལེན་པའི་གོ་སྐབས་བསྐྲུན་ན། གྲངས་རིག་གི་གོ་རྟོགས་དང་ངེས་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ། བསླབ་གཞི་གསར་པའི་ཚད་གཞིར་སློབ་མར་རང་ཉིད་དང་འབྲེལ་བའི་བྱ་དངོས་ལ་འབྲེལ་འདྲིས་དང་ལྟ་ཞིབ། བཀོལ་སྤྱོད་དང་གནད་དོན་ཐག་གཅོད་སོགས་བྱེད་དུ་བཅུག་སྟེ། དེའི་གོ་རིམ་ཁྲོད་གྲངས་རིག་གི་གོ་དོན་དང་ཕན་ནུས་རྟོགས་པ་བྱེད་དགོས། གྲངས་རིག་སློབ་སྦྱོང་གི་འདུ་ཤེས་དང་སྤྲོ་སྣང་ནི་གྲངས་རིག་སློབ་ཁྲིད་ཀྱི་གཙོ་གནད་དུ་འཛིན་དགོས་སྙམ།

    བཞི། སློབ་མའི་བརྩེ་སེམས་དང་རིན་ཐང་གི་ལྟ་བ་སྐྱེད་སྲིང་བྱེད་པ།

    གྲངས་རིག་སློབ་ཁྲིད་ཁྲོད་སློབ་མའི་བརྩེ་སེམས་དང་རིན་ཐང་གི་ལྟ་བ་སྐྱེད་སྲིང་བྱས་ཏེ་གྲངས་རིག་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་བྱེད་དགོས། གྲངས་རིག་སློབ་སྦྱོང་གི་བརྒྱུད་རིམ་ནི་དགེ་མཚན་ལྡན་ཞིང་སྤྲོ་སྣང་ལྡན་པ་སོགས་ཕུན་སུམ་ཚོགས་པའི་བརྒྱུད་རིམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་སློབ་ཁྲིད་ཁྲོད་སློབ་མར་བརྩེ་སེམས་སྣ་ཚོགས་སྐྱེད་སྲིང་བྱས་ནས་ཕྱོགས་ཡོངས་ནས་བྱང་ཚད་མཐོ་བའི་མི་སྣ་གསོ་སྐྱོང་བྱེད་པ་ལས། སློབ་མའི་བརྩེ་སེམས་དང་རིན་ཐང་གི་ལྟ་བ་སོགས་སྣང་ཆུང་བྱེད་མི་རུང་ལ། བསླབ་གཞི་ཅི་ཞིག་ཡིན་རུང་སློབ་མའི་བསམ་བློའི་འདུ་ཤེས་ཏེ། རང་གཅེས་དང་རང་བཀུར་གྱི་འདུ་ཤེས་སོགས་ལ་སྣང་མེད་བཏང་ན། གྲངས་རིག་སོགས་ཀྱི་སློབ་གསོར་རྒྱལ་ཁ་ལེན་མི་ཐུབ། དེས་ན་སློབ་མའི་ཐོག་མའི་བརྩེ་སེམས་དང་སྤྲོ་སྣང་གལ་ཆེར་བཟུང་སྟེ། རང་འགུལ་གྱིས་གྲངས་རིག་སློབ་སྦྱོང་དང་གནད་དོན་འདོན་པར་སྐུལ་སློང་བྱས་ནས་གྲངས་རིག་ལ་མོས་པའི་སྤྲོ་སྣང་དང་གྲངས་རིག་གི་ངེས་ཤེས་ཡང་དག་ལེགས་པར་བསྐྲུན་ན། ད་གཟོད་གྲངས་རིག་གི་སློབ་གསོར་གྲུབ་འབྲས་བཟང་པོ་ཐོབ་ཐུབ་སྙམ།

    མདོར་ན། སློབ་མའི་གྲངས་རིག་སློབ་སྦྱོང་དང་བརྩེ་སེམས་བར་འབྲེལ་བ་དམ་ཟབ་ཡོད་པས། འབྲེལ་བའི་ཆོས་ཉིད་གང་དེ་གཞིར་བཟུང་སྟེ། གྲངས་རིག་དང་བརྩེ་སེམས་སོགས་བར་གྱི་འབྲེལ་བའི་གནད་དོན་སྣ་ཚོགས་འོས་འཚམ་གྱིས་ཐག་གཅོད་བྱེད་པ་ནི། གྲངས་རིག་སློབ་གསོའི་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་སེམས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།