[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཡིག་སྨྱན་སྦྱོར་གསར་པའི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་སྟངས་གསར་པ་བསྐྲུན་རྒྱུའི་སྐོར་ལ་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ཀྱི་བདེ་སྐྱིད་སྒྲོལ་དཀར།    |    སྤེལ་དུས།   2019-05-31

    ནང་དོན་གནད་བསྡུས  མིག་སྔར་སྨྱན་སྦྱོར་གསར་པ་འཕེལ་རྒྱས་མྱུར་བ་དང་སྒུལ་བདེའི་དྲ་སྦྲེལ་གྱི་སྟོབས་ཤུགས་ཉིན་རེ་ལས་མ་འདས་པར་ཇེ་ཆེར་འགྲོ་བའི་སྐབས་དེར། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་མཐའ་སྣེའི་ཐོག་ནས་གསར་འགྱུར་དང་ཆ་འཕྲིན་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྤེལ་བའི་ཐབས་ལམ་གཙོ་བོ་དེ་ཚགས་པར་དང་བརྙན་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་ནས་ལག་ཐོགས་ཁ་པར་གྱིས་གཙོ་བོ་བྱས་པའི་སྨྱན་སྦྱོར་གསར་པའི་ཕྱོགས་སུ་རྒྱ་ཁྱབ་ཏུ་སོང་ཡོད། སྨྱན་སྦྱོར་གསར་པའི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྔོན་ཐོན་སྟོབས་ལྡན་གྱི་དེང་རབས་ཀྱི་ཁྱབ་སྤེལ་མ་ལག་བཀོད་འཛུགས་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་དང་ཁྱབ་སྤེལ་གཏོང་ནུས་གོང་མཐོར་གཏོང་རྒྱུ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པ་སྨོས་མེད་རེད།

    བརྡ་ཆད་གཙོ་བོ།  བོད་ཡིག་སྨྱན་སྦྱོར།  སྨྱན་སྦྱོར་གསར་པ།  དེང་རབས་ཀྱི་ཁྱབ་སྤེལ་མ་ལག  གླེང་ཕྱོགས་ཁྲིད་སྟོན།

    བོད་ཡིག་སྨྱན་སྦྱོར་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨྱན་སྦྱོར་ཞིག་ཡིན་པ་དང་།  བོད་ཡིག་སྨྱན་སྦྱོར་ཀྱི་འཕེལ་རྒྱས་ཐད་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ།ལོ་མང་རིང་བོད་ཡིག་སྨྱན་སྦྱོར་གྱིས་ནུས་ཤུགས་ཡོད་རྒུས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས།སྲིད་ཇུས་དྲིལ་བསྒྲགས་ལེགས་པོ་བྱས་ཡོད་པ་མ་ཟད། སྔོན་ཐོན་གྱི་རིག་གནས་ཁྱབ་སྤེལ་དང་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། བརྟན་ལྷིང་མཐུན་སྒྲིལ་ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས།དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་རྒྱུ་གཙོ་བོར་བྱེད་པའི་བྱེད་ཕྱོགས་འཛིན་པ། བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་། ཡུན་རིང་བདེ་འཁོད་། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་ཆེད་གླེང་ཕྱོགས་ཀྱི་རྣམ་པ་ཡག་པོ་ཞིག་བཏོད་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  མི་དམངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་ཁྲིམས་ལུགས་ཚགས་པར།དེང་གི་བོད་ལྗོངས་ཞེས་པའི་གཟའ་འཁོར་རེའི་ཚགས་པར།དེ་བཞིན་ས་མཐོའི་གྲོང་གསེབ་གསར་པའི་དུས་དེབ།བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་དུས་སྣེ།ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་ཚུགས།ལྗོངས་ཡོངས་ཀྱི་རྫོང་ཁག་74ཡི་རྫོང་རིམ་པའི་སྲིད་གཞུང་གསར་འགྱུར་ཕྱོགས་བསྡུས་དྲ་ཚུགས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་དང་བོད་ཀྱི་ཁྲིམས་ལུགས་སྐད་འཕྲིན་སྤྱི་རྟགས་གཉིས་བཅས་ཚགས་པར་བཞི་དང་དུས་དེབ་གཅིག་དྲ་རྒྱ་གཉིས་དུས་སྣེ་གཅིག་སྐད་འཕྲིན་གཉིས་སོགས་གཞི་གཅིག་ཏུ་འདྲེས་པའི་མཉམ་འདྲེས་ཀྱི་སྨྱན་སྦྱོར་ལྟེ་གནས་འཛུགས་བསྐྲུན་བྱས་ཡོད་པ་རེད། གསར་འགྱུར་སྒྲོག་སྤེལ་བྱ་ཐབས་ཀྱི་རྣམ་པ་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་མ་ཟད། མཚོན་ཚུལ་སྣ་གཅིག་གི་རྣམ་པ་ནས་འདུས་གྲུབ་སྨྱན་སྦྱོར་རྣམ་པར་སྐྱོད་བཞིན་ཡོད།སྨྱན་སྦྱོར་གསར་པའི་གསར་འགྱུར་གྱི་ནང་དོན་པར་རིས་དང་ཡི་གེ  རི་མོ་དང་རེའུ་མིག   སྒྲ་ལམ།  བརྙན་ཐུང་། H 5 སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་མངོན་པར་བྱས་ཡོད་ལ་སྟེགས་བུ་མང་ཞིང་མངོན་ཚུལ་མི་འདྲ་བའི་ཐབས་ལ་བརྟེན་ནས་གསར་འགྱུར་ཁྱབ་སྤེལ་གྱི་བྱེད་ནུས་ཆེ་རུ་གཏོང་ཐུབ་པ་བྱུང་ཡོད།  

           ད་ཆ་གསར་དར་སྨྱན་སྦྱོར་གྱི་ཚ་རླབས་ཁྲོད་བོད་ཡིག་སྨྱན་སྦྱོར་འཕེལ་རྒྱས་གཏོང་ཕྱོགས་དང་ཕྱོགས་སྒྱུར་བྱེད་ཕྱོགས་ཐད་ལའང་བླང་བྱ་དང་རེ་བ་གསར་པ་བཏོན་ཡོད་པས། སྨྱུག་འཛིན་པས་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་སྐོར་ལ་ཆ་བཞག་ནས། སྨྱན་སྦྱོར་ལས་སྟེགས་གསར་པ་འཛུགས་སྐྲུན་དང་། སྨྱན་སྦྱོར་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་སོགས་ཀྱི་ཐད་ལ་ཐབས་ཇུས་རང་བཞིན་གྱི་བསམ་གཞིགས་བྱས་ནས། བོད་སྐད་ཀྱི་གསར་འགྱུར་མཚམས་སྦྱོར་བྱ་གཞག་གྱི་འཕེལ་རྒྱས་དང་ཕྱོགས་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་རྒྱུར་སོ་ཕག་འཕངས་ནས་གཡང་ཊྲི་ལེན་པའི་དཔེ་ལྟར་ཕན་ནུས་ཐོན་པར་སྨོན།

    དང་པོ། བོད་ཡིག་འགྲེམས་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་སྟངས་གསར་པ་བསྐྲུན་དགོས།

                  མིག་སྔར་སྨྱན་སྦྱོར་གསར་པ་འཕེལ་རྒྱས་མྱུར་བ་དང་སྒུལ་བདེའི་དྲ་སྦྲེལ་གྱི་སྟོབས་ཤུགས་ཉིན་རེ་ལས་མ་འདས་པར་ཇེ་ཆེར་འགྲོ་བའི་སྐབས་དེར། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་མཐའ་སྣེའི་ཐོག་ནས་གསར་འགྱུར་དང་ཆ་འཕྲིན་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྤེལ་བའི་ཐབས་ལམ་གཙོ་བོ་དེ་ཚགས་པར་དང་བརྙན་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་ནས་ལག་ཐོགས་ཁ་པར་གྱིས་གཙོ་བོ་བྱས་པའི་སྨྱན་སྦྱོར་གསར་པའི་ཕྱོགས་སུ་རྒྱ་ཁྱབ་ཏུ་སོང་ཡོད། སྨྱན་སྦྱོར་གསར་པའི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྔོན་ཐོན་སྟོབས་ལྡན་གྱི་དེང་རབས་ཀྱི་ཁྱབ་སྤེལ་མ་ལག་བཀོད་འཛུགས་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་དང་ཁྱབ་སྤེལ་གཏོང་ནུས་གོང་མཐོར་གཏོང་རྒྱུ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པ་སྨོས་མེད་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཕྱོགས་སྒྱུར་ལས་དོན་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ་དང་བྱ་གཞག་འདི་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་ང་ཚོས་སྨྱན་སྦྱོར་གསར་པ་དང་སྟེགས་བུ་གསར་པ།བསམ་བློ་གསར་པ་འཛུགས་སྐྱོང་བྱས་ཏེ་དྲ་རྒྱ་གཙོ་བོ་བྱེད་ཅིང་སྒུལ་བདེ་སྔོན་འཛིན་གྱི་ལམ་ཕྱོགས་བརྟན་པོར་བཟུང་ནས་ཕྱོགས་ཡོངས་ནས་བོད་སྐད་ཡིག་གི་གསར་འགྱུར་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ།ཤུགས་རྐྱེན་ཐེབས་ནུས།ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་གོང་མཐོར་གཏོང་ཐུབ་པ་བྱས་ཏེ་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱི་སྔར་ཡོད་དར་ཆ་མཐོན་པོར་སྒྲེང་བ་དང་དཔེ་བཟང་གི་ནུས་པ་ཁྱོན་ཡོངས་ནས་སྒུལ་བདེའི་གཡུལ་སའི་ཐོག་སྤོ་སྒྱུར་བྱེད་དགོས།རྒྱུན་འཆད་མེད་པར་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་གང་ཐུབ་བྱས་ཏེ་རྒྱལ་ཡོངས་དང་ཡང་སྒོས་འཛམ་གླིང་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་བོད་ཡིག་སྨྱན་སྦྱོར་གསར་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ།གཙོ་རྒྱུན་སྨྱན་སྦྱོར་གྱི་སྐད་སྒྲ་གང་སར་སྒྲོག་པ་མ་ཟད་དྲང་ནུས་ཀྱིས་གཙོ་ཁྲིད་བྱས་པའི་བོད་སྐད་ཡིག་གི་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་སྟངས་གསར་པ་ཆགས་པ་བྱ་དགོས། བོད་ཡིག་འགྲེམས་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཏེ་བོད་སྐད་ཡིག་དྲ་བ་དང་དུས་སྣེ།སྐད་འཕྲིན།ལག་ཐོགས་ཁ་པར་དྲ་བ།ལག་ཐོགས་ཁ་པར་ཚགས་པར།ལག་ཐོགས་ཁ་པར་ཐོག་གི་ཁྱད་ཐོན་དངོས་རྫས་ཉོ་ཚོང་སྟེགས་བུ་སོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱ་ཆེར་རྒྱབ་པ་མ་ཟད།དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ནས་མིག་སྔར་དམངས་ཀྱིས་དགའ་པོ་བྱེད་པའི་མདོག་དབྱིངས་སོགས་ཀྱི་ལས་སྟེགས་ཐོག་བཅའ་སྡོད་བྱས་ཏེ་གཙོ་རྒྱུན་སྨྱན་སྦྱོར་གྱི་སྐད་སྒྲ་དེ་དག་གང་རིང་ས་དང་གང་ཆེ་སར་ཁྱབ་ཐུབ་པ་བྱེད་དགོས།   

    གཉིས་པ། ནང་དོན་གཙོ་བོར་བརྩིས་ནས་ནང་དོན་གྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས།

           གསར་འགྱུར་བྱ་གཞག་གིས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ། སྤྱི་དམངས་ཀྱི་གསར་འགྱུར་དགོས་མཁོ་སྐོང་བ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས།  ལེགས་པའི་སྤྱི་ཚོགས་ཀྱི་དབང་གྲགས་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ནི་སྨྱན་སྦྱོར་གྱི་རྨང་རྡོ་ལྟ་བུ་ཡིན། མཉམ་འདྲེས་སྨྱན་སྦྱོར་གྱི་དུས་རབས་ནི་“ ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པའི་” དུས་རབས་ཤིག་ཡིན་པ་དང་།སྨྱན་སྦྱོར་མཉམ་འདྲེས་ཀྱི་རྒྱབ་ལྗོངས་འོག་རིགས་ཁག་གི་སྨྱན་སྦྱོར་ངོས་ནས་བརྗོད་ན། “ ཐབས་ལམ་” “ ལག་རྩལ་” སོགས་ཀྱི་རྒྱུ་རྐྱེན་ཁ་ཤས་ཀྱིས་དུས་ཡུན་ཐུང་ངུའི་ནང་སྨྱན་སྦྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་སྲིད། འོན་ཀྱང་སྤྱི་ཁོག་དང་ཡུན་རིང་གི་ངོས་ནས་བལྟས་ན། ནང་དོན་ནི་སྔར་བཞིན་ཆེས་གཙོ་བོ་དེ་ཡིན།

    (གཅིག)  སྨྱན་སྦྱོར་གསར་པའི་དུས་རབས་སུ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱ་དགོས། བོད་ཡིག་སྨྱན་སྦྱོར་གསར་པས་ཡང་དག་པ་དང་ཡར་ཐོན་གྱི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་དམ་འཛིན་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཆུ་ཚད་མཐོ་རུ་གཏོང་བ།ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་སྤེལ་རྒྱུར་དྲ་ཐོག་གི་གླེང་ཕྱོགས་ཁོར་ཡུག་ལེགས་པོ་སྐྲུན་ཆེད་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ཡིན། དེ་བཞིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལ་སྐྲུན་པའི་དམངས་འཚོའི་ཐོག་གི་མཛད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་མི་དམངས་ལ་ཁྱབ་སྤེལ་ཡོངས་བསྒྲགས་བྱེད་པ་མ་ཟད་དམངས་འཚོའི་ཐད་ཀྱི་ཆ་འཕྲིན་ཐོབ་འདོད་མཁན་མང་པོ་ཡོད་པས་སྐབས་དོན་གླེང་མང་བའི་གནད་དོན་ལ་དམིགས་པ་དང་། དམངས་འཚོའི་ཆ་འཕྲིན་ཁ་གཅིག་གཟིགས་པ་པོའི་སྤྱན་ལམ་དུ་གང་མགྱོགས་ཕུལ་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོད།

    2019 ལོར་བོད་རང་སྐྱོང་ལྗོངས་ཀྱི་“ ཚོགས་འདུ་གཉིས་” ཀྱི་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་སྐད་འཕྲིན་སྤྱི་རྟགས་ཀྱིས་ཕན་ཡོད་གསར་གཏོད་དང་འཚོལ་ཞིབ་བྱས་པ་རྒྱུས་གསར་འགྱུར་རྐྱང་པའི་ཀློག་ཚད་དེ་མི་ཐེངས་གྲངས་ཁྲི་4.2 ལས་བརྒལ་བས་ཚགས་པར་འགྲེམས་སྤེལ་བྱེད་ཚད་དང་དོ་མཉམ་བྱུང་ཡོད།དེ་མིན་གསར་འགྱུར་མང་པོ་ཞིག་གི་ཀློག་ཚད་ཁྲི་གཅིག་གཉིས་ཟིན་པ་དང་སྦྲགས་རྒྱབ་སྐྱོར་བྱེད་མཁན་དྲ་གྲོགས་ཀྱང་འབོར་ཆེན་ཁ་སྣོན་བྱུང་ཡོད།“ ཚོགས་འདུ་གཉིས་” ཀྱི་རིང་སྐད་འཕྲིན་སྤྱི་རྟགས་ཐོག་གནས་ཚུལ་གནད་བསྡུས་དང་ནང་དོན་བཙོ་སྦྱངས་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་ངག་རྒྱུན་གྱི་ཐོག་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ནོར་སྲིད་སྔོན་རྩིས་སྙན་སྒྲོན། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་སོགས་དམངས་འཚོའི་ཐད་ཀྱི་ནང་དོན་སྤེལ་བས་གནོན་ཚད་དམ་ལྟ་ཚད་ལ་ཕན་པ་ཐོབ་ཡོད།ད་ཐེངས་“ ཚོགས་འདུ་གཉིས”ཀྱི་གསར་འགྱུར་སྤེལ་སྟངས་ནས་ར་འཕྲོད་བྱུང་གསལ།དམངས་འཚོའི་གསར་འགྱུར་ནི་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ་ང་ཚོའི་ལས་དོན་སྤེལ་ཕྱོགས་ཁྲོད་ཀྱི་“ ཁྱད་ལྡན་ཚལ” ལྟ་བུ་ཞིག་ཀྱང་ཡིན་པས་གཙོ་རྒྱུན་སྨྱན་སྦྱོར་གྱིས་ལེགས་ཆ་དེ་ངེས་པར་དུ་འདོན་སྤེལ་བྱེད་དགོས་པ་མ་ཟད་འདིའི་སྟེང་དུ་གནས་པའི་ཐོན་ཁུངས་སྔོག་འདོན་ལ་མཐོང་ཆེན་བྱེད་པ་དང་བེད་སྤྱོད་གང་ལེགས་བྱས་ནས་བྱ་བ་འདི་ལེགས་པར་བསྒྲུབས་ཐུབ་ན། སླད་ཕྱིན་སྨྱན་སྦྱོར་གསར་པའི་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་གཙོ་རྒྱུན་སྨྱན་སྦྱོར་གྱི་སྟོབས་ཆེའི་ནུས་པ་འདོན་སྤེལ་བྱེད་ཐུབ་ལ་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ནུས་ཇེ་ཆེར་སོང་ནས་དྲ་དམངས་ཀྱི་ཁས་ལེན་ཚད་དང་།ཡིད་ཆེས་བྱེད་ཚད། སྨྱན་སྦྱོར་གསར་པའི་མཚན་སྙན་སོགས་ཀྱི་ཐད་ལའང་ཕན་འབྲས་ཆེན་པོ་ཐོབ་ཐུབ།

     དེ་དོན་ད་དུང་དཔེར་འཇོག་ན།2015ལོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལོན་སྐར་གྲངས་བཅད་མཚམས་ཐོན་པའི་སྐབས།བོད་ཡིག་སྨྱན་སྦྱོར་གསར་པའི་ལས་མི་ཚོས་དེ་དོན་ཡིག་སྒྱུར་བྱེད་པའི་གྲ་སྒྲིག་ཨང་གསར་བྱས་པ་དང་།རྒྱ་ཡིག་གི་གསར་འགོད་པ་དང་འབྲེལ་བ་བྱས་ནས་འབྲེལ་ཡོད་རྩོམ་ཡིག་དོན་པའི་དུས་ཚོད་ཐོག་མར་བོད་ཡིག་སྨྱན་སྦྱོར་གསར་པའི་ཐོག་བཀོད་པས་གནོན་ཚད་དང་བརྒྱུད་སྤེལ་བྱེད་ཚད་མཐོ་པོ་བྱུང་ཡོད། འདི་ལྟ་བུའི་དཔེ་ཁ་ཤས་ཡོད་ཀྱང་དངོས་གནས་མང་པོ་མེད།དེར་བརྟེན་འདི་འདྲའི་བཀོལ་སྤྱོད་ངེས་པར་དུ་དགོས་པ་འདིས་བོད་ཡིག་སྨྱན་སྦྱོར་གསར་པའི་བག་ཆགས་འཇོག་ནུས་མཐོ་རུ་སོང་བར་ཤུགས་རྐྱེན་ཐེབས་ངེས།

    (གཉིས)  དུས་ཡུན་རིང་པོའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་སྲོལ་རྒྱུན་སྨྱན་སྦྱོར་ལ་ལྡན་པའི་དབང་གྲགས་རང་བཞིན།ཆེད་ལས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་ཁྱབ་སྤེལ་གཏོང་ནུས་སྨྱན་སྦྱོར་གསར་པའི་ཁྲོད་དུ་སྲིང་བར་བྱེད་པ་དང་། སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་ཁྱད་ཆོས་དང་འཚམ་པར་བྱས་ནས་ཆ་འཕྲིན་གྱི་ནང་དོན་རྩོམ་ཡིག་དང་བརྙན་ཐུང་ཐུང་གྲས་སོགས་ལ་བརྟེན་ནས་སྐབས་འཕྲལ་གྱི་ཕྱོགས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་གྱི་ནང་དོན་གཏིང་ཟབ་ཏུ་སྒྲུབ་པ་བྱས་ནས།བར་སྟོང་དང་། ནུས་ཡོད་དུས་ཚད།ཕྱི་ཚུལ་བཅས་ནས་ཁྱད་པར་མཚོན་ཐུབ་པ་བྱེད་པ་དང་ནང་དོན་ངོས་ནས་བརྗོད་ན་རྩེག་སྣོན་ཐུབ་པ།མང་ཚོགས་ཀྱི་བལྟ་ཀློག་རེ་བ་ཞིབ་ཚགས་སུ་དབྱེ་བ་དང་དེར་གཞིགས་ནས། ཁྱད་ལྡན་ཅན་དང་རང་གཤིས་ཅན་གྱི་གསར་འགྱུར་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་དགོས།

        སྨྱན་སྦྱོར་གསར་པའི་སྤུས་དག་དང་གཞན་དང་མི་འདྲ་བའི་ནང་དོན་ལྡན་པ་ནི་འགག་རྩ་ཞིག་ལ་ཆགས་ཡོད་པས་དེའི་གཙོ་བོ་གསར་གཏོད་ཀྱི་ནང་དོན་ཡོད་མེད་ལ་ཐུག་ཡོད། བོད་ཡིག་གི་སྨྱན་སྦྱོར་གསར་པར་ཁ་གཏད་ཀྱི་ལས་རིགས་འགྲན་རྩོད་ཧ་ཅང་ཆེ་བ་སྟེ་གཞུང་ཕྱོགས་ནས་བཤད་ན་བོད་ལྗོངས་ཉིན་རེའི་ཚགས་པར་རང་ངོས་ཀྱི་རྒྱ་ཡིག་སྨྱན་སྦྱོར་དང་འགྲན་རྩོད་བྱེད་དགོས་ཀྱི་ཡོད།དེ་ཡང་བོད་ཡིག་སྨྱན་སྦྱོར་སྤྱོད་མཁན་དྲ་ཚོགས་ཁྲོད་བོད་རྒྱ་སྐད་རིགས་གཉིས་ཤེས་ཀྱི་སྤྱོད་མཁན་མང་ཆེ་བ་ཡིན་པ་དང་དེའི་ཐོག་བོད་ཡིག་སྨྱན་སྦྱོར་ལ་རང་ཉིད་ཀྱི་གསར་འགོད་པའི་ཚོགས་ཞིག་མེད་པས་གསར་འགྱུར་མང་ཆེ་བ་ཡིག་སྒྱུར་ལ་བརྟེན་དགོས་ཀྱི་ཡོད་པ་དང་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱ་ཡིག་སྨྱན་སྦྱོར་གསར་པས་སྔ་ས་ནས་གསར་འགྱུར་ཡོངས་བསྒྲགས་བྱས་ཚར་པ་དང་། བོད་ཡིག་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱེད་དུས་གཏམ་རྙིང་ཞིག་ཏུ་གྱུར་ནས་ལྟ་ཚད་མཐོ་པོ་མེད།ད་དུང་སྤྱི་ཚོགས་ཐོག་ཁེར་རྐྱང་སྨྱན་སྦྱོར་ཡིན་པའི་བོད་ཡིག་གི་སྐད་འཕྲིན་སྤྱི་རྟགས་མང་པོ་ཡོད་པས་གལ་སྲིད་གཞན་དང་མི་འདྲ་བའི་ནང་དོན་མི་ལྡན་ན་ལྟ་ཚད་མཐོ་པོ་མེད་པ་སྨོས་མེད་རེད།དེར་བརྟེན་བོད་ཡིག་སྨྱན་སྦྱོར་གསར་པས་“ རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་གསར་རྩོམ།”“ གསར་འགྱུར་ཐོག་མར་འགྲེམས་སྤེལ་བྱས་པ” བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ནང་དོན་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་གནས་སུ་འཇོག་དགོས།རང་ངོས་ཀྱི་བཅར་འདྲི་དང་རྩོམ་སྒྲིག་གྱི་ནུས་པ་གསོ་སྐྱོང་བྱེད་པར་ཤུགས་བརྒྱབ་ནས་རང་གིས་བཅར་འདྲི་བྱས་པའི་རྩོམ་ཡིག་འགྲེམས་སྤེལ་བྱེད་ཐུབ་ན་ཧ་ཅང་ལེགས།

    (གསུམ) ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རང་ལྗོངས་སུ་གཞན་ལ་མེད་པའི་ས་ཁམས་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དེ་ནི་ཁྱད་ཆོས་ལ་རྟེན་ནས་སྨྱན་སྦྱོར་གསར་པ་འཛུགས་པའི་གཞི་འཛིན་ས་དང་རྒྱབ་རྟེན་བཟང་པོ་ཞིག་ཡིན་པས།དྲ་བ་དང་དུད་སྣེའི་ཐོག་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་ཆེད་སྒྲིག་སོགས་བཏོན་ནས།  མི་རིགས་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་དོ་ཁུར་བྱེད་པ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་དང་།ཐང་ག གེ་སར་གྱི་སྒྲུང་།དམངས་ཁྲོད་ཀྱི་གཏམ་རྒྱུད། དུས་ཆེན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་པའི་བོད་ཀྱི་རིག་གནས་དར་རྒྱས་དང་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག་ཐོབ་པའི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རིག་གནས་ཀྱིས་དྲིལ་བསྒྲགས་བྱེད་པའི་སྤྱི་ཚོགས་ཀྱི་ཕན་ནུས་ཆེན་པོར་ངོས་འཛིན་ཐུབ་པ་བྱེད་པ་ནི་སོན་ཉམས་དོད་པའི་རྣམ་པ་གསར་པ་གཏོད་པ་དང་དྲ་དམངས་དང་འདྲིས་མཐུན་ཡོང་བའི་ལམ་བུ་འགངས་ཆེན་ཞིག་ཡིན།

      དཔེར་ན་བོད་ལྗོངས་ཉིན་རིའི་ཚགས་པར་བོད་ཡིག་སྨྱན་སྦྱོར་སྐད་འཕྲིན་སྟེགས་བུའི་ནང་དོན་ཇུས་བཀོད་ཐད་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་གི་གསུང་སྐད་སྒྲོག་སྤེལ་བྱེད་རྒྱུ་དེ་འགན་འཁྲི་གཙོ་བོར་བཟུང་བ་དང་དམངས་འཚོའི་སྲིད་ཇུས་ཁག་དུས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་བྱེད་པའི་ཐོག  བོད་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྔོག་འདོན་གང་ལེགས་བྱས་ནས། སྔོན་ཐོན་གྱི་རིག་གནས་ཁྱབ་སྤེལ།  དེ་ཚོར་གཟིགས་པ་པོའི་མོས་རྟགས་མང་པོ་ཐོབ་པ་མ་ཟད་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་ཚོགས་འདུའི་ཐོག་གསར་འགྱུར་ཇུས་བཀོད་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།དེ་མིན་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་དང་མཉམ་ལས་བྱས་ཏེ་ཁྱབ་བསྒྲགས་བྱས་པའི་པར་རྒྱུན་ཆད་ཟིན་པའི་སྔ་མོའི་ལྷ་མོའི་རིག་རྩལ་མཁས་ཅན་མང་པོ་ཞིག་གི་གཞས་གདངས་སྤེལ་ཡོད་ལ་རིག་གནས་སྐོར་གྱི་སྒྲ་ལྡན་དཔེ་ཀློག་ལེ་ཚན་འདོན་སྤེལ་བྱས་ཡོད།མ་ཟད་བོད་ལྗོངས་འགྲེམས་ཚོགས།ཞོ་སྟོན་དུས་ཆེན།བོད་ཀྱི་ལོ་གསར་སོགས་ལ་རང་ཉིད་ལ་མ་གཏོགས་མེད་པའི་དམིགས་བསལ་ཇུས་འགོད་བྱས་ནས་ཆ་འཕྲིན་གསར་པ་དང་རིག་གནས་ཀྱི་ཉམས་འགྱུར་དྲིལ་བསྒྲགས་བྱས་པས་གཟིགས་པ་པོའི་ལྟ་ཚད་མཐོ་རུ་སོང་བ་དང་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཚད་ལ་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད།  

    (བཞི) གཟིགས་པ་པོས་དོ་སྣང་བྱེད་པའི་ཞབས་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་ཤུགས་རྒྱག་དགོས། ཞབས་ཞུའི་ནུས་པ་དང་མཉམ་འགུལ་ནུས་པར་ཤུགས་སྣོན་རྒྱག་དགོས་ཤིང་།  རྒྱལ་ནང་གི་དྲ་བ་མང་པོར་དྲི་ལན་གྱི་ལེ་ཚན་འཛུགས་གཉེར་བྱས་ཡོད་པ་དང་མཉམ་འགུལ་གྱི་ཐོག་ནས་དྲ་དམངས་ཀྱིས་དོ་ཁུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐད་སྲིད་གཞུང་གི་ཚན་པ་ཁག་ལ་བཅར་འདྲི་ཞུས་ཏེ་ལན་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད། བོད་ཡིག་སྨྱན་སྦྱོར་གྱིས་ཀྱང་ལེ་ཚན་དེ་འདྲ་འཛུགས་གཉེར་བྱས་ཏེ་ཞབས་ཞུའི་ནུས་པ་ཤུགས་ཆེ་རུ་བཏང་ནས་གཅིག་ནས་དྲ་དམངས་ཀྱི་དོགས་གནད་སེལ་བ་དང་གཉིས་ནས་ཏང་གི་ལམ་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཐུབ་པ། སྤྱི་ཚོགས་ཐོག་གི་འགལ་བ་ཤེས་རྟོགས་ཐུབ་པ། ཏང་དང་མི་དམངས་དབར་གྱི་འབྲེལ་ཟམ་གང་ལེགས་འཛུགས་ཐུབ་ན་ཧ་ཅང་ལེགས། དེ་མིན་དཔལ་འབྱོར་ལེ་ཚན་ནང་ཞབས་ཞུའི་ནུས་པར་ཤུགས་སྣོན་རྒྱབ་ནས། བོད་ཀྱི་ས་ཁུལ་དང་རྫོང་ཁག་གི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་ཞབས་ཞུའི་སྟེགས་བུ་མཁོ་འདོན་བྱས་ཏེ་ཁྲོམ་རའི་འགྲོ་ཕྱོགས་ལ་བསྟུན་ནས་ཞབས་ཞུ་དང་ཆ་འཕྲིན་ཟུང་འབྲེལ་བྱས་ཏེ་དྲ་བའི་ཡིད་འགུག་ནུས་པ་དང་འདྲིས་མཐུན་ནུས་པ་མཐོ་རུ་གཏོང་དགོས།ད་དུང་དཔེར་ན་ད་ཆ་རྒན་གཞོན་མེད་པས་བདེ་ཐང་དང་ལུས་གསོ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་དེ་སྐོར་ཀྱི་ཆ་འཕྲིན་དང་རྩོམ་ཡིག་སྤེལ་ན་ཚང་མའི་བློ་སྒུག་དང་སྤྱར་ནུས་ལ་ཕན་པ་ཆེ།

    གསུམ་པ། གསར་འགྱུར་མཚོན་ཚུལ་གྱི་རྣམ་པ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་འགྱུར་དང་ཆ་འཕྲིན་འབུར་གཟུགས་ལྡན་པའི་ངང་ནས་ཁྱབ་སྤེལ་བྱེད་པར་དོ་སྣང་བྱེད་དགོས།

    (གཅིག)  སྒྲ་ཟློས། བརྙན་རིས། འགུལ་བརྙན། H 5   AR  སོགས་ལ་བརྟེན་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་སྤེལ་བ་དང་ཐོན་རྫས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་ཀྱི་མཚོན་ཐབས་སྔར་བས་ཕུན་སུམ་ཚོགས་པ་དང་ཁྱབ་སྤེལ་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ།སྤྱོད་མཁན་གྱི་དོན་དངོས་དང་དགོས་མཁོ་དང་རྒྱང་ཐག་ཉེ་བའི་གསར་འགྱུར་ཐོན་རྫས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།   དཔེར་ན། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་བསྡུ་ལེན་ཁྱབ་གདལ་གྱི་ཆུ་ཚད་མཐོ་པོ་མེད་པར་དམིགས་ནས་གལ་ཆེའི་གསར་འགྱུར་དང་དམངས་འཚོའི་གསར་འགྱུར་སོགས་ཀྱི་སྒྲ་འཕྲིན་བཟོ་བ་དང་བོད་སྐད་བརྙན་རིགས་གསར་གཏོད་རང་བཞིན་ལ་ཤུགས་སྣོན་དང་། བོད་ཀྱི་གླུ་གཞས་སོགས་ཀྱི་སྒྲ་བརྙན་ལེ་ཚན་བཟོ་བ་སོགས་དྲིལ་བསྒྲགས་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ན་ཧ་ཅང་ལེགས་པར་སྣང་།ཚོགས་ཆེན་བཅུ་དགུ་པའི་སྔོན་རྗེས་སུ་བོད་ཡིག་སྨྱན་སྦྱོར་གསར་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས་ཚིག་100 མ། སྒྲ་ཟློས་དང་ ཞི་ཀྲུའུ་ཞིས་བོད་མི་དམངས་ཐུགས་ལ་འཛིན་པའི་དྲོ་སྐྱིད་ཀྱི་དུས་ཚོད།པར་རིསབཏོན་པ།ཚོགས་ཆེན་ཚོགས་སྐབས་སུ་ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པH 5》 《ཚོགས་ཆེན་19པའི་སྙན་སྒྲོན་ནང་གི་དམངས་འཚོའི་སྐོརH5》《སྙན་སྒྲོན་མདོར་བསྟན་མེ་ལོང་།རི་མོ།》 《སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བདམས་ཐོན་བྱུང་བ་འགུལ་བརྙན།》  སོགས་བཏོན་ཡོད།དེ་ཚོ་ཚང་མ་བོད་ཡིག་སྨྱན་སྦྱོར་དཔུང་ཁག་རང་གིས་ཇུས་བཀོད་བྱས་པའི་ཐོན་རྫས་ཡིན་པ་དང་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པས་དྲ་གྲོགས་ཚོའི་དོ་ཁུར་མང་པོ་ཐོབ་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད།ད་དུང་སྒྲ་ཟློས་སོགས་པའི་གསར་རྩོམ་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་བྱས་ནས་སྒྲ་ལྡན་དཔེ་ཀློགསོགས་ལེ་ཚན་མུ་མཐུད་གཏོད་པ་དང་བརྙན་ཐུང་ལེ་ཚན་གསར་པའི་གཉེར་སྐྱོང་ཐད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་ཅན་གྱི་སྨྱན་མང་རྣམ་པའི་མཚོན་ཐབས་སྤྱད་དེ་གནད་སྨིན་དང་སོན་ཉམས་ལྡན་པ།ཡིད་དབང་འཕྲོག་པའི་སྒྲ་ཟློས་དང་བརྙན་ཐུང་ཐུང་གྲས་གང་མང་ཐོན་ཐུབ་པ་བྱེད་རྒྱུ་ནི་གལ་འགངས་ཧ་ཅང་ཆེ།

    དེང་དུས་དྲ་བའི་ཐད་གཏོང་ཐད་དེའི་དངོས་ཡོད་རང་བཞིན་དང་སྤེལ་རེས་རང་བཞིན་སོགས་ཀྱི་ཁྱད་ཆོས་ལ་རྟེན་ནས་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།དེར་རྟེན་ནང་དོན་ཇུས་འགོད་ཡག་པོ་བྱས་ནས་ཐད་གཏོང་གི་ཐབས་ལམ་བེད་སྤྱད་དེ་ནང་དོན་ཕུན་སུམ་ཚོགས་པའི་གསར་འགྱུར་ཐད་གཏོང་བྱེད་པ་དང་བོད་ཡིག་སྨྱན་སྦྱོར་གྱི་ཐད་གཏོང་ལེགས་གཏོང་འཕེལ་རྒྱས་ལམ་བུ་ཞིག་གཏོད་ཐུབ་ན་གཙོ་རྒྱུན་སྨྱན་སྦྱོར་གྱི་གླེང་ཕྱོགས་སྟོབས་ཆེར་གཏོང་ཐུབ།

    (གཉིས)  ཚགས་པར་དང་དྲ་བ་ཕན་ཚུན་སྐུལ་འདེད་གཏོང་བའི་ལག་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས།དཔེར་ན། VR ལག་རྩལ་སོགས་ལ་བརྟེན་ནས་ཚགས་པར་དང་ལག་ཐོག་ཁ་པར་དབར་འབྲེལ་ཟམ་འཛུགས་ནས་དེ་གཉིས་ཕན་ཚུན་མཉམ་འདྲེས་དང་མཉམ་མཐུན་ཡོང་བ་བྱས་ནས་ལྟ་ཕྱོགས་གསར་པ་ཞིག་བསྐྲུན་ཚེ། གསར་འགྱུར་སྔར་བས་ཐད་མཐོང་ཐུབ་པ་དང་སྔར་བས་རྒྱུས་ལོན་ཁ་གསལ་ཞིག་ཡོང་བ་བྱེད་ཐུབ།དཔེར་ན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དུད་སྣེ་བརྒྱུད་VR ལག་རྩལ་ལ་བརྟེན་ནས་ཚགས་པར་ཐོག་གི་པར་རིས་བཤར་ཕབ་བྱེད་སྐབས།  བརྙན་ལམ་འབྲེལ་ནས་གཏོང་ཐུབ་པ་མ་ཟད།པར་རིས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནང་འབུར་གཟུགས་ཀྱིས་མངོན་ཐུབ།  དེས་གཟིགས་པ་པོའི་ཚོར་བྱེད་དབང་པོར་སྔར་བས་ཟབ་པའི་ཚོར་བ་ཞིག་བསྟེར་ནས།ཚགས་པར་དང་དྲ་བའི་དབར་གྱི་ཕན་ཚུན་རང་བཞིན་དེ་བས་ཕུན་སུམ་ཚོགས་པོའི་ལམ་ནས་མངོན་པར་བྱེད།

    བཞི་པ།  བོད་ཡིག་སྨྱན་སྦྱོར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་འདི་“ འཁྲུག་ཆ་དོད་པོ” ཡོད་པ་བཟོད་ནས་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ།

    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱི་ཞབས་ཞུའི་དམིགས་འབེན་གཙོ་བོ་ནི་ཞིང་འབྲོག་ཁུལ་དུ་ཡིན།  ད་ཆ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཆ་འཕྲིན་ཐོབ་ཐབས་བྱེད་པའི་ཐབས་ལམ་གཙོ་བོ་དེའང་སྨྱན་སྦྱོར་གསར་པར་བརྟེན་གྱི་ཡོད།འོན་ཀྱང་ཁོང་ཚོས་སྲིད་གཞུང་གི་གཙོ་རྒྱུན་སྨྱན་སྦྱོར་གསར་པར་དོ་ཁུར་དེ་ཙམ་ཆེན་པོ་མེད།

    དེ་ཡང་སྒུལ་བདེའི་དུད་སྣེའི་འགོ་བརྩམས་འཕྱི་བ་དང་།ཁྱབ་སྤེལ་བྱེད་ཤུགས་ཆུང་བ།བཞུར་ཚད་ལ་བླང་བྱ་ཅུང་མཐོ་བ་བཅས་ཀྱིས་རྐྱེན་པས།ལག་ཐོགས་ཁ་པར་ནང་ཕབ་ཚད་ཅུང་དམའ་བ་དང་།དོ་ཁུར་བྱེད་ཚད་ལ་འཕར་སྣོན་ཅུང་དཀོན། དམིགས་འབེན་སྤྱོད་མཁན་གྱི་ཡིད་དབང་འགུགས་ཆེད།  ནང་དོན་གཙོ་བོར་འཛིན་པའི་ལམ་དུ་བསྐྱོད་པ་མ་ཟད།ནུས་ཤུགས་ཡོད་རྒུས་མི་སེམས་དམ་པོར་བཟུང་ནས་བོད་ཡིག་སྨྱན་སྦྱོར་གྱི་ཁྱབ་སྤེལ་ཐད་རང་ངོས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་བྱས་ཐོག་བོད་ཡིག་སྨྱན་སྦྱོར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་འདི་“ འཁྲུག་ཆ་དོད་པོ” ཡོང་བ་བྱས་ཏེ་མང་ཚོགས་ཞུགས་ཚད་མང་ཞིང་བཀོལ་སྤྱོད་སྟབས་བདེ་བའི་དྲ་ཐོག་དྲ་འོག་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་དུད་སྣེའི་ཕབ་ཚད་མཐོ་རུ་སོང་བ་དང་སྐད་འཕྲིན་སྤྱི་རྟགས་ཀྱི་ཕིང་འཕར་རྒྱ་ཆེན་པོ་ཡོང་བར་བརྩོན་ལེན་བྱེད་དགོས།དཔེར་ན།དེ་སྔོན་སྐད་འཕྲིན་སྤྱི་རྟགས་ཁྱབ་སྤེལ་གཏོང་ཆེད་ང་ཚོས་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་དང་མཉམ་དུ་“སྐད་འཕྲིན་སྤྱི་རྟགས་མངོན་མིན་རིག་གནས་ཤུལ་བཞག་གི་རྗེས་སུ་འབྲངས་ཏེ་སློབ་གྲྭར་སྐྱོད་པའི་” བྱེད་སྒོ་སོགས་སྤེལ་མྱོང་ཡོད།བྱེད་སྒོ་དེ་ཚོས་སྐད་འཕྲིན་སྤྱི་རྟགས་ཀྱི་ཁྱབ་སྤེལ་ཐད་ནུས་པ་ཐོན་ཡོད་པ་སྨོས་མེད་རེད། ཕྱིས་འབྱུང་ཡང་བྱེད་སྒོ་དེ་རིགས་ལ་སོགས་པ་དེ་བས་མང་བ་སྤེལ་རྒྱུའི་ཐད་མཐོང་ཆེན་བྱས་ཚེ་སྨྱན་སྦྱོར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་འདི་“ འཁྲུག་ཆ་དོད་པོ” ཡོད་པ་བཟོ་ཐུབ་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་ཐུབ།  

    ལྔ་པ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།

    བློ་རྒྱ་ཕྱེས་ནས་མཉམ་ལས་རྒྱ་ཆེར་སྤེལ་བ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་ཆེས་སྡེབ་སྒྲིག་སྒྱུར་བ་བྱེད་དགོས། ལྗོངས་ནང་ཁུལ་གྱི་ལས་ཁུངས་སྣ་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་སྒྲུབ་ན་སྨྱན་སྦྱོར་གྱི་སྙན་གྲགས་ལ་ཕན་ནུས་ཆེ། ད་དུང་ལྗོངས་ཕྱིའི་བོད་རིགས་ས་ཁུལ་གྱི་སྨྱན་སྦྱོར་ཁག་དབར་ནང་དོན་ཐོན་སྐྱེད་ཐད་ཀྱི་མཉམ་ལས་བྱས་ནས་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་ཁྱད་ཆོས་དང་འཚམ་པ་དང་སྤྱོད་མཁན་གྱི་དགོས་མཁོ་དང་ཉེ་བའི་སྣ་མང་ཅན་གྱི་ཆ་འཕྲིན་ནང་དོན་གསར་སྤེལ་ཐུབ་པ་བྱས་ན་གཟིགས་པ་པོ་རྒྱ་སྐྱེས་ཡོང་ཐུབ་པ་མ་ཟད་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཐུབ་ངེས།

    དྲུག་པ།  བྱང་ཚད་མཐོ་བའི་གླེང་ཕྱོགས་ཁྲིད་སྟོན་དཔུང་ཁག་གསར་པ་སྐྱེད་སྲིང་བྱ་དགོས།

    ཆབ་སྲིད་ཐོག་བློ་རྩ་བརྟན་ཞིང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ།ཏང་དང་མི་དམངས་ཀྱིས་བློས་འཁེལ་བའི་སྨྱན་སྦྱོར་གསར་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དཔུང་ཁག་འཛུགས་སྐྱོང་བྱ་དགོས།སྨྱན་སྦྱོར་གསར་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཁན་ཚོས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་གནད་ལ་འཁེལ་པོས་ཞབས་འདེགས་ཞུ་བའི་བྱ་གཞག་ཁྲོད། སྤྱི་ཚོགས་ཀྱི་འགན་འཁྲི་བརྟན་པོར་བཟུང་བ་དང་། “ སུའི་ཆེད་དུ་དང་། སུ་ལ་བརྟེན་དགོས་པ།ང་སུ་ཡིན་པ་” ཞེས་པའི་གཞི་རྩའི་གནད་དོན་རྒྱུན་འཆད་མེད་པར་ཐག་གཅོད་ལེགས་པོ་བྱེད་དགོས།   བོད་ཡིག་གསར་འགྱུར་གྱི་ལས་བྱེད་མི་སྣའི་གསོ་སྐྱོང་ཐད་“གདན་ཞུ་” དང་“ཕྱིར་སྐྱོད་པ་” སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ།དུས་རབས་ཀྱི་གནས་བབ་ཤེས་རྟོགས་ཐུབ་པ་དང་།རིགས་པའི་གཞུང་ལུགས་དང་ལས་སྒོའི་བྱང་ཚད་མཐོ་བའི་དཔུང་ཁག་གསོ་སྐྱོང་ཐུབ་པ་བྱུང་ན་འདི་ནི་བོད་སྐད་ཡིག་གསར་འགྱུར་བྱ་གཞག་འཕེལ་རྒྱས་གཏོང་བའི་འགག་རྩ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།