[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཀྱི་གྲངས་གཞིའི་དཔེ་སྐྲུན་གྱི་འཕེལ་ཕྱོགས་རགས་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སངས་རྒྱས་སྐྱབས།    |    སྤེལ་དུས།   2019-10-17

    དུས་རབས་གོང་མའི་དུས་མཇུག་ནས་འཛམ་གླིང་ཁྱོན་དུ་རྩིས་འཁོར་རྨང་གཞིར་བྱས་པའི་གྲངས་གཞིའི་ལག་རྩལ་འདི་དར་རྒྱས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་དཔེ་སྐྲུན་ལས་རིགས་སུ་གྲངས་གཞིའི་ལག་རྩལ་འདི་ཐོག་མའི་པར་སྐྲུན་ཁོ་ནའི་ཁྱབ་ཁོངས་སུ་སྤྱོད་པ་ཙམ་ནས། རིམ་བཞིན་དཔེ་སྐྲུན་དངོས་ཀྱི་ཁྱབ་ཁོངས་སུ་མཆེད་པ་དང་། འཛམ་གླིང་གི་གྲངས་གཞིའི་དཔེ་སྐྲུན་ལས་རིགས་དེ་གསར་དར་ཐོན་ལས་ཆེ་མོ་ཞིག་ཏུ་གྱུར་ནས། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྒྱ་ཁྱབ་དར་བ་དང་། ལྷག་པར་ཨེ་མ་བཙན་གྱི་ཁན་ཏོལ་དང་ཀུ་ཤུ་ཀུང་སིའི་ཨ་ཕད་ཀྱིས་གཙོ་བྱས་པའི་གྲངས་གཞིའི་དཔེ་ཀློག་འཕྲུལ་ཆས་དར་རྒྱས་བྱུང་བ་དང་བསྟུན་ནས། གྲངས་གཞིའི་དཔེ་སྐྲུན་ལ་སྔར་བས་སྟབས་བདེ་བསྐྲུན་པ་མ་ཟད། གྲངས་གཞིའི་དཔེ་སྐྲུན་ལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད། ལྷག་པར་ཉེ་བའི་ལོ་ཤས་རིང་། ལག་ཐོགས་ཁ་པར་གྱི་དཔེ་ཀློག་ནུས་པ་ལེགས་སུ་བཏང་བ་བརྒྱུད། གྲངས་གཞིའི་དཔེ་ཀློག་ཧ་ཅང་སྟབས་བདེ་དང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། རང་རྒྱལ་ལ་མཚོན་ནའང་ཉེ་ལམ་གྲངས་གཞིའི་དཔེ་སྐྲུན་དང་གྲངས་གཞིའི་དཔེ་ཀློག་འདི་འཕེལ་རྒྱས་ཆེན་པོ་བྱུང་ནས། སྲོལ་རྒྱུན་གྱི་ཤོག་པར་དཔེ་སྐྲུན་དབར་འགྲན་རྩོད་ཆེན་པོ་བྱུང་ཡོད། ཏང་ཏང་དང་། པེ་ཏོ། དེ་བཞིན་དྲ་ཐོག་གི་རིག་མཛོད་སྣ་ཚོགས་ཀྱིས་གྲངས་གཞིའི་དཔེ་སྐྲུན་གོང་ནས་གོང་དུ་སྤེལ་གྱི་ཡོད།

    རང་རེའི་བོད་ལ་གྲངས་གཞིའི་ལག་རྩལ་འཕེལ་རྒྱུས་བྱུང་བའི་དུས་ཅུང་ཕྱི་ཡང་། གྲངས་གཞིའི་ལག་རྩལ་གྱི་རྨང་གཞིའི་དོན་སྤྱི་དང་ཚད་གཞི་མང་པོ་ཞིག་གཏན་འབེབས་དང་གཅིག་གྱུར་བྱུང་ཡོད་པ་དང་། གྲངས་གཞིའི་དཔེ་སྐྲུན་ཐད་ལས་ཀ་སྒྲུབ་མཁན་ཡོད་ཚེ་ལག་རྩལ་ཐད་གནད་དོན་མང་པོ་མེད།

    བོད་ཀྱི་གྲངས་གཞིའི་དཔེ་ཀློག་གི་གནས་ཚུལ།

    ད་ཆ་བོད་ཀྱི་གྲངས་གཞིའི་དཔེ་ཀློག་གི་རྩིས་རྒྱག་དང་ལག་རྩལ་གྱི་རྨང་གཞི་ཅུང་སྔོན་ཐོན་ཡིན་པ་དང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁྲོད་ནས་གྲངས་གཞིའི་ལག་རྩལ་ཆེས་སྔོན་ཐོན་དེ་རེད། རྨང་གཞིའི་ལག་རྩལ་ཐད་ནས་བཤད་ན། བོད་ཡིག་ནི་ད་ཆ་རྒྱལ་སྤྱིའི་གྲངས་སྒྲིག་ཚད་གཞིའི་ཁོངས་སུ་བཅུག་ཡོད་པ་དང་། བཀོལ་སྤྱོད་མ་ལག

    windows Vist ཡི་པར་གཞི་ནས་བཟུང་ཀློག་ཀླད་ཀྱི་རྨང་གཞིའི་ཡིག་རིགས་ཁོངས་སུ་ཡོད་པ་མ་ཟད། ཀུ་ཤུའི་ཀློག་ཀླད་ཀྱི་མ་ལག་ཁྲོད་དུའང་ཆེད་སྤྱོད་དང་ཧི་མ་ལ་ཡའི་ཡིག་གཟུགས་གཉིས་ཡོད་ཅིང་། བོད་ཡིག་གློག་རྡུལ་ཚིག་མཛོད་དང་སྒྲ་ངོས་འཛིན་གྱི་ལག་རྩལ་སོགས་ཀྱི་ཐད་ཚད་བརྒལ་གསར་པ་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་ཀུ་ཤུའི་ཁ་པར་དང་ཨན་ཊོའི་ཁ་པར་ལ་བོད་ཡིག་ཡོད་པ་དང་ནང་འཇུག་ཆོག་པ་ནས་བཟུང་། བོད་ཡིག་བཀོལ་སྤྱོད་ཐད་དེ་བས་མངོན་གསལ་དོད་པའི་འཕེལ་རྒྱས་བྱུང་ནས། ཁྱེར་བདེའི་གྲངས་གཞིའི་དཔེ་ཀློག་ཀྱང་མངོན་འགྱུར་བྱུང་ནས་སློབ་གྲྭ་དང་། དགོན་སྡེ། དེ་བཞིན་རིག་གནས་ལས་ཁུངས་དང་། ཐ་ན་མང་ཚོགས་དཀྱུས་མའི་ཁྲོད་དུའང་གྲངས་གཞིའི་དཔེ་ཀློག་འདི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    ལག་རྩལ་འདི་དག་གི་རྨང་གཞི་དང་དཔེ་ཀློག་སྟབས་བདེ་ཡོད་པའི་གནས་ཚུལ་འོག ད་ཆ་བོད་ཀྱི་གྲངས་གཞིའི་དཔེ་སྐྲུན་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་ཡོང་ཆོག་པ་ལྟར་དུ་སྣང་ཡང་། དོན་དུ་རང་རེའི་བོད་ཡིག་གི་གྲངས་གཞིའི་དཔེ་སྐྲུན་ལས་རིགས་སྔར་མུས་བཞིན་འཕེལ་རྒྱས་ཆེན་པོ་མེད་པ་དང་། ལྷག་པར་གཞུང་ཕྱོགས་ཀྱི་དཔེ་སྐྲུན་ཁང་རྣལ་མ་དག་ལ་གྲངས་གཞིའི་དཔེ་སྐྲུན་བྱེད་འདོད་ཡོད་ཀྱང་། ཁ་ཚ་དགོས་གཏུགས་མིན་པ་དང་། དམངས་ཁྲོད་ཀྱི་མི་སྒེར་དང་ཚོགས་པ་ཁག་ལ་གྲངས་གཞིའི་དཔེ་སྐྲུན་ཐད་ཐོབ་ཐང་མེད་པ་སོགས་ཀྱི་རྐྱེན་མང་པོའི་དབང་གིས་གྲངས་གཞིའི་དཔེ་སྐྲུན་ད་དུང་མི་སྒེར་གྱིས་གློག་རྡུལ་དཔེ་དེབ་རེ་གཉིས་བཟོ་བ་དང་ཡང་ན་ཧི་མ་ལ་ཡའི་རིག་མཛོད་ལྟ་བུ་མི་སྒེར་གྱིས་གཉེར་བ་རེ་གཉིས་ཙམ་ཡོད། འོན་ཀྱང་འདི་དག་ནི་དོན་དམ་པའི་གྲངས་གཞིའི་དཔེ་སྐྲུན་ཞེས་པའི་མཚན་ཉིད་ཁྱབ་ཁོངས་སུ་འཇུག་རུང་མིན་མི་ཤེས། གང་ཡིན་ཞེ་ན། གྲངས་གཞིའི་དཔེ་དེབ་ཡིན་ན་ཡང་། དེའི་སྒྲིག་བཟོའི་གོ་རིམ་ལ་གྲངས་གཞིའི་ལག་རྩལ་སྤྱད་པ་ཅུང་ཉུང་བས་རེད།

    བོད་ཀྱི་གྲངས་གཞིའི་དཔེ་སྐྲུན་གྱི་གནད་དོན།

    བོད་ཀྱི་གྲངས་གཞིའི་དཔེ་སྐྲུན་འདི་དོན་དམ་དུ་བཤད་ན་རྒྱུ་རྐྱེན་ཁ་ཤས་ཤིག་ལ་རག་ལས་ཡོད་པ་སྟེ། དེ་དག་ནི་ལག་རྩལ་དང་། དཔེ་སྐྲུན་མཁན། དཔེ་ཀློག་མཁན་བཅས་གསུམ་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། དེའི་ཁྲོད་དུ་རང་རེའི་བོད་ཡིག་ལ་གྲངས་གཞིའི་དཔེ་སྐྲུན་ཙམ་ལ་མཁོ་བའི་གྲངས་གཞིའི་ལག་རྩལ་ཕུན་སུམ་ཚོགས་པོ་མེད་ཀྱང་། སྤྱིའི་ཆ་ནས་འདང་ཙམ་དང་། གྲངས་གཞིའི་དཔེ་སྐྲུན་མཉེན་ཆས་དང་མཁྲེགས་ཆས་གང་ཐད་ནས་འཕེལ་རྒྱས་གཏོང་ཆོག་ཆོག་ཙམ་དུ་ཡོད་པ་དང་། རང་རེར་མཚོན་ན་ལག་རྩལ་གྱི་མི་འདང་བའི་རྒྱུ་རྐྱེན་དེ་ཅུང་ཆུང་ཙམ་དུ་མངོན་གྱི་ཡོད།

    དཔེ་སྐྲུན་མཁན་ནི་གྲངས་གཞིའི་དཔེ་དེབ་མཁོ་འདོན་མཁན་དེ་ཡིན་པ་དང་། དེ་དག་ཀྱང་རིགས་གཉིས་སུ་དབྱེ་ཆོག་སྟེ། རྒྱལ་ཁབ་ཀྱི་གཞུང་བཙུགས་དཔེ་སྐྲུན་ཁང་དང་ཀུང་སི་དང་མི་སྒེར་གྱིས་གཉེར་བའི་དཔེ་སྐྲུན་ལས་རིགས་རེད། དེ་ལས་གཞུང་བཙུགས་དཔེ་སྐྲུན་ཁང་ལ་མཚོན་ན། ད་ཆ་རྒྱལ་ཡོངས་ཁྱོན་དུ་རང་རེའི་བོད་དང་འབྲེལ་བའི་གཞུང་བཙུགས་ཀྱི་དཔེ་སྐྲུན་ཁང་བཅུ་ལ་ཉེ་བ་ཞིག་ཡོད་པ་དང་། དེ་དག་ལ་དམིགས་བསལ་གྱི་དགེ་མཚན་མི་ཉུང་བ་ཞིག་ལྡན་ཡོད་དེ། དེ་དག་ལ་རྒྱལ་ཁབ་ཀྱི་ཚད་ལྡན་རྒྱབ་སྐྱོར་ཡོད་པ་དང་དཔེ་སྐྲུན་ལས་རིགས་ཀྱི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་ཡོངས་སུ་མཐུན་པ། ལོ་མང་སྲོལ་རྒྱུན་དཔེ་སྐྲུན་གྱི་ཉམས་མྱོང་ལྡན་པ། རྩོམ་པ་པོ་མང་པོ་དང་དཔེ་དེབ་མང་པོའི་ཐོན་ཁུངས་ལྡན་པ། སྤྱི་ཚོགས་ལས་རིགས་ཁག་ཏུ་ཡོངས་ཁྱབ་ཀྱི་མཚན་སྙན་ལྡན་པའི་དབང་གིས་དཔེ་སྐྲུན་གྱི་དགོས་མཁོ་ཡོད་མཁན་ཚང་མས་ཐོག་མར་སྲོལ་རྒྱུན་གྱི་དཔེ་སྐྲུན་ཁང་འདེམས་པ། དེ་བཞིན་མ་དངུལ་དང་ཤེས་ལྡན་པའི་ལས་བྱེད་མི་སྣ་སོགས་ཀྱི་ཆ་རྐྱེན་བཟང་པོ་དུ་མ་ལྡན་ཡོད། དེ་བས་ཁོ་ཚོས་སྲོལ་རྒྱུན་གྱི་དཔེ་སྐྲུན་ལས་རིགས་རྒྱུན་འཁྱོངས་བྱེད་འདོད་པ་དང་། དེ་ལས་རང་ཉིད་ལ་མཁོ་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཚན་སྙན་ཚང་མ་ཐོབ་ཐུབ་པ་དང་། འགྲོ་ལུགས་འགྲོ་སྟངས་ཚང་མ་རང་ཉིད་ལ་ཆ་རྒྱུས་ཡོད་པ་དེ་རེད། གཉིས་ནས་སྒྲིག་གཞི་དང་ལམ་སྲོལ་སོགས་ཀྱི་དབང་གིས། ཁོ་ཚོར་གྲངས་གཞིའི་དཔེ་སྐྲུན་འདི་རིགས་གཉེར་འདོད་ཡོད་ཀྱང་། འཕྲལ་མར་འཕེལ་རྒྱས་དང་གྲུབ་འབྲས་ཐོབ་པའི་ཐབས་ལམ་མ་མཆིས་པ་དང་། ལྷག་དོན་དུ་ལག་རྩལ་མི་སྣའི་བརྩོན་སེམས་སྐུལ་སློང་བྱེད་པར་ཐབས་ཤེས་ནུས་ལྡན་མེད་པ་ཅུང་མངོན་གསལ་དོད་པོ་རེད། གཞན་དེ་ནི་ཀུང་སི་དང་མི་སྒེར་གྱིས་གྲངས་གཞིའི་དཔེ་སྐྲུན་གཉེར་བར་ཐོག་མར་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་མེད། དཔེ་རྟགས་སྤྲོད་མཁན་མེད་ལ་ཡིད་གཟབ་མ་བྱས་ཚེ་ཁྲིམས་འགལ་གྱི་གྲས་སུ་ཚུད་ཉེན་ཡོད། གཉིས་ནས་བོད་ཡིག་གི་གྲངས་གཞིའི་དཔེ་སྐྲུན་ལས་རིགས་ལ་ཞུགས་མཁན་ཕལ་མོ་ཆེ་ནི་ལག་རྩལ་ཡོད་པ་དང་ཡང་ན་དཔེ་རྙིང་བསྡུ་སྒྲིག་མཁན་སོགས་ཡིན་ཞིང་། ཁོ་ཚོ་ཕལ་ཆེ་བ་ནི་བོད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཀུན་སློང་གིས་སྒྲུབ་བཞིན་པ་ཞིག་ཡིན་པ་ལས། དཔལ་འབྱོར་གྱི་ཡོང་འབབ་སོགས་ཀྱི་ཐད་ནས་ཁེ་བཟང་རག་ཐབས་སོགས་ལ་འཆར་གཞི་དང་བསམ་གཞིག་ཞིབ་ཚགས་ཅུང་ཞན་པ་དང་། དེ་དག་གི་དབང་གིས་ཁོ་ཚོས་ལས་ཀ་དེ་ཡུན་རིང་དང་རྒྱུན་མཐུད་སྒྲུབ་པར་དཀའ་ངལ་མི་ཉུང་བ་གནས་ཡོད།

    རྒྱུ་རྐྱེན་གསུམ་པ་དེ་ནི་དཔེ་ཀློག་མཁན་རེད། དཔེ་ཀློག་མཁན་ནི་དཔེ་སྐྲུན་ལས་རིགས་ལ་མཚོན་ན་གལ་ཆེ་ཨང་དང་པོ་དེ་ཡིན་ཞིང་། དཔེ་ཀློག་མཁན་མེད་ན་དཔེ་སྐྲུན་ལས་རིགས་མཁོ་མེད་དུ་འགྱུར་བ་དང་། དཔེ་ཀློག་མཁན་མེད་ན་དཔེ་སྐྲུན་དང་འབྲེལ་བའི་རྩོམ་པ་པོ་དང་དཔེ་སྐྲུན། དེ་བཞིན་གྲངས་གཞིའི་དཔེ་སྐྲུན་ཡང་གནས་པའི་དགོས་པ་མེད། དེས་ན་ཡང་སྙིང་ང་ཚོའི་བོད་ཡིག་དཔེ་ཀློག་མཁན་ཅི་ཙམ་ཡོད་པ་དང་། གྲངས་གཞིའི་དཔེ་ཀློག་ཆ་རྐྱེན་དང་དགོས་མཁོ་ཅི་ཙམ་ཡོད་པ་དེ་གྲངས་གཞིའི་དཔེ་སྐྲུན་ཙམ་མ་ཟད། བོད་ཡིག་དཔེ་སྐྲུན་ལས་རིགས་ཡོངས་ཀྱི་མ་འོངས་པའི་འཚོ་གནས་དང་དར་རྒུད་དང་འབྲེལ་བའི་གནད་དོན་གལ་ཆེ་ཤོས་དེ་རེད།

    ང་ཚོས་ད་ཆ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤྱི་འབོར་ནི་ས་ཡ་བཞི་ལྷག་ཡིན་པ་དང་། དེའི་ཁྲོད་ནས་བོད་ཡིག་ཤེས་མཁན་ནི་ས་ཡ་གཅིག་ཡོད་པ་དང་། ས་ཡ་གཅིག་ལས་དཔེ་ཀློག་གི་གོམས་གཤིས་ཡོད་མཁན་ནི་འབུམ་ལྔ་ཙམ་དང་དེའི་ཁྲོད་ནས་གློག་རྡུལ་དཔེ་ཀློག་གི་ཆ་རྐྱེན་དང་དགོས་མཁོ་དངོས་སུ་ཡོད་མཁན་མི་འབུམ་གཅིག་ཡོད་ན་གནས་ཚུལ་ཅུང་ཡག་པོ་རེད། བོད་ཡིག་གློག་རྡུལ་དཔེ་ཀློག་ཐུབ་མཁན་དང་མོས་པ་ཡོད་མཁན་འབུམ་གཅིག་གི་ཁྲོད། གྲྭ་བཙུན་དང་། སློབ་མ། དགེ་རྒན། རིག་གནས་ཡོན་ཏན་པ། ལས་བྱེད་པ། སྨན་པ་སོགས་ལས་རིགས་སྣ་ཚོགས་དང་རིམ་གྲས་མི་འདྲ་བ་མང་པོར་ཁྱབ་ཡོད། འདི་ལས་ང་ཚོས་རྟོགས་ཐུབ་པ་ཞིག་ནི་བོད་ཀྱི་ཀློག་པ་པོའི་སྤྱི་འབོར་ཆེན་པོ་མེད་ལ་སྤྱི་འབོར་དེའི་ནང་དུའང་ཚོགས་པ་མི་འདྲ་བ་མང་པོ་ཡོད་ཕྱིར། དགོས་མཁོའི་ཐད་ལའང་ཁྱད་པར་ལྡན་ཡོད། ང་ཚོ་དཔེ་སྐྲུན་དང་བོད་ཀྱི་རིག་གནས་ལས་གཉེར་མཁན་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་མཐོང་ཆེན་དང་དེ་བསྟུན་གྱི་ཐབས་ཤེས་དགོས་པའི་གནད་དོན་ཞིག་རེད། གནད་དོན་འདི་འདྲ་ལྷག་པར་རྒྱུ་རྐྱེན་མང་པོ་ཡོད་པ་ལས་རང་རེའི་བོད་ཀྱི་དཔེ་སྐྲུན་ལས་ཁུངས་དང་རིག་གནས་སྡེ་ཁག་གིས་བོད་རིགས་མང་ཚོགས་དང་བོད་ཡིག་ནས་དཔེ་ཀློག་མཁན་ལ་ཤེས་བྱ་རིག་གནས་དང་འཚོ་གནས་ལག་རྩལ། དེ་བཞིན་གསར་དར་ཚན་རིག་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆེས་སྔོན་ཐོན་དང་ཕན་ཡོད་ཀྱི་ཆ་དེ་མཁོ་འདོན་མི་ཐུབ་པ་དང་བོད་ཡིག་དཔེ་ཀློག་མཁན་ཚོར་དཔེ་ཡིག་དཔེ་ཀློག་བྱས་པ་བརྒྱུད། མེས་པོའི་ཤུལ་བཞག་སྦྱོང་བ་ལས་རིག་གནས་གཞན་སྦྱོང་བའི་གོ་སྐབས་ཅུང་ཞན་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད།

    བོད་ཀྱི་གྲངས་གཞིའི་དཔེ་སྐྲུན་གྱི་འཕེལ་ཕྱོགས།

    བོད་ཡིག་གྲངས་གཞིའི་དཔེ་སྐྲུན་འདི་རྨང་གཞི་ཆེན་པོ་མེད་ཀྱང་། ད་སྔ་སྤྱི་ཚོགས་ཡོངས་སུ་ཚོད་ལྟ་དང་ལས་གཉེར་བྱེད་མཁན་མི་ཉུང་བ་ཡོད་ཅིང་། དེ་དག་ལས་ཕལ་ཆེ་བ་ནི་དཔེ་རྙིང་བསྡུ་སྒྲིག་དང་རྩོམ་རིག་གཉིས་སུ་གཅིག་སྡུས་བྱས་ཡོད། དེ་ལས་དཔེ་རྙིང་པར་རྣམ་pdfརྣམ་པའི་གྲངས་གཞིའི་དཔེ་སྐྲུན་ལས་མཁན་རེ་གཉིས་ཡོད་ཅིང་། དེ་དག་ནི་གཙོ་བོ་བོད་ཡིག་དཔེ་རྙིང་ལས་ཆོས་ལུགས་ཕྱོགས་ཀྱི་དཔེ་རྙིང་ཡིན་ཞིང་། དེ་དག་ལ་དཔེ་རྟགས་དང་རྒྱལ་ཁབ་ཀྱི་འགྲོ་ལུགས་སོགས་གང་ཡང་གཉེར་མེད། གཉིས་པ་ནི་རྩོམ་རིག་རྣམ་པའི་གྲངས་གཞིའི་དཔེ་སྐྲུན་དེ་ཡིན་ཞིང་། དེ་ནི་གཙོ་བོ་རྩོམ་རིག་བརྩམས་ཆོས་སྤེལ་བའི་སྟེགས་བུ་ཞིག་ཡིན་ཞིང་། འདི་རིགས་ནི་འགོ་ཚུགས་དུས་ཅུང་སྔ་བ་དང་ལོ་མང་འཕེལ་རྒྱས་བྱུང་བ་བརྒྱུད། ད་སྔ་ཅུང་འཐུས་སྒོ་ཚང་པོ་ཆགས་ཡོད། འོན་ཀྱང་དེ་དག་ཚང་མ་འབོར་ཆེན་པོ་མེད་ལ་ཁྲིམས་ལུགས་ཀྱི་འགྲོ་ལུགས་སོགས་གང་ཡང་མེད་པས་གྲུབ་འབྲས་ཆེན་པོ་བྱུང་མེད་པ་ཞིག་རེད། ད་སྔ་གྲངས་གཞིའི་དཔེ་སྐྲུན་ལས་རིགས་ཁྲོད་བོད་ཡིག་འཕེལ་རྒྱས་ཆེན་པོ་ཕྱིན་མེད་ཀྱང་འཕེལ་ཕྱོགས་རེ་གཉིས་ཤིག་ཡོད་དེ། དང་པོ་ནི་ཀྲུང་གོའི་བོད་རིག་པ་ལྟེ་གནས་ནས་གཉེར་བའི་བོད་ཡིག་དུས་དེབ་སྟེགས་བུ་དང་སི་ཁྲོན་ཏང་གི་དུས་དེབ་ཚོགས་པའི་འོག་གི་བོག་ཡིག་གི་ལས་སྟེགས། དེ་བཞིན་དཔེ་སྐྲུན་ཁང་ཁག་གིས་གཉེར་བའི་གྲངས་གཞིའི་དཔེ་སྐྲུན་རྣམ་གྲངས། ད་དུང་ཧི་མ་ལ་ཡའི་རིག་མཛོད་སོགས་ཀྱིས་གཙོ་བྱས་པའི་དམངས་ཁྲོད་ཀྱི་གྲངས་གཞིའི་དཔེ་སྐྲུན་ལས་མཁན་བཅས་ཡོད་ཅིང་། ཁོ་ཚོས་དང་པོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དཔེ་རྙིང་གྲངས་གཞི་ཅན་ལས་འགན་ཨང་དང་པོར་བརྩི་ཡི་ཡོད་པ་དང་། དེ་ནས་རྩོམ་རིག་དང་རིག་ཚན་ཁག་གི་ཞིབ་འཇུག་སོགས་ཡིན་ཞིང་། ཁྱབ་ཁོངས་ནི་སྔར་མུས་བཞིན་བོད་ཀྱི་དཔེ་སྐྲུན་ཁང་གིས་གཉེར་བའི་དཔེ་སྐྲུན་གྱི་རྣམ་གྲངས་དག་དང་སྤྱིའི་ཆ་ནས་འཚམ་པར་གནས་ཡོད་པ་དང་། མ་འོངས་པའི་འཕེལ་ཕྱོགས་ཀྱང་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་བོད་རིག་པའི་ཞིབ་འཇུག་རྩོམ་རིག་བཅས་ཀྱི་ཁྱབ་ཁོངས་སུ་འཕེལ་རྒྱས་ཅུང་འབྱུང་སྲིད་པའི་འཕེལ་ཕྱོགས་དང་གྲུབ་འབྲས་ཅུང་ཐོབ་སྲིད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།