[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ནང་བསྟན་གྲུབ་མཐའ།
  • གཅོད་ལུགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-13

    གཅོད་ལུགས་པ་ནི་ཞེ་བྱེད་པའི་ཡ་གྱལ་ཞིག་ཡིན་པས་ཐོག་མར་ཕ་དམ་པ་སངས་རྒྱས་ནས་སྤེལ་བ་ཡིན། གྲུབ་མཐའ་དེ་ཤེར་ཕྱིན་མན་ངག་ལ་བརྟེན་ནས་སྐྱེ་བུ་ཆུང་ངུའི་སྐབས་ཚེ་འདིའི་རྣམ་ཤེས་གཅོད་པ། འབྲིང་གི་སྐབས་འཁོར་བའི་སྡུག་བསྔལ་གཅོད་པ། ཆེན་པོའི་སྐབས་རང་དོན་ཡིད་བྱེད་དང་།  བདག་འཛིན་གཉིས་གཅོད་པ་ལ་ཟེར། ཡང་དེར་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་ན་དེ་ལྟར་དུ་གྲགས།

    གཅོད་ཀྱི་གདམས་པ་འདི་ཕ་དམ་པ་སངས་རྒྱས་བོད་དུ་སྔ་ཕྱིར་ལན་ལྔ་བྱོན་པར་གྲགས་པ་ལས་ལན་གསུམ་པ་བྱོན་པའི་དུས་སུ་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་རླུང་སེར་པོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་དང་དེས་རྩེ་སྟོན་སུམ་སྟོན་གཉིས་ལ་གདམས་ངག་གནང་། རྩེ་སྟོན་གྱིས་གཉན་སྟོན་ལ་གནང་། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ་དང་། གཙང་སྟོན་དེས་གཉན་སྟོན་སོགས་ལ་གཅོད་ཀྱི་གདམས་པ་གནང་བ་དེ་དག་ལ་ཕོ་གཅོད་ཅེས་གྲགས། སྐྱོ་སྟོན་བསོད་ནམས་བླ་མས་མ་གཅིག་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས། 

    མ་གཅིག་ལབ་སྒྲོན་ནི་ཡབ་ཆོས་བླ་དང་། ཡུམ་ཀླུ་མོ་འབུམ་ལྕོག་གཉིས་ཀྱི་སྲས་མོར་གཡེ་ལབ་གྲོང་ཚོ་མེ་མོར་འཁྲུངས། ཁོང་གི་འཁྲུངས་འདས་ལ་བཤད་སྲོལ་མང་ནའང་། མང་ཆེ་བའི་ངོས་འཛིན་ནི་སྤྱི་ལོ་༡༠༣༡ནས་༡༡༢༩བར་ཡིན་པར་བཞེད། གཏེར་བཏོན་གྲྭ་པ་མངོན་ཤེས་ཅན་ལས་རབ་ཏུ་བྱུང་། ཕ་དམ་པ་སངས་རྒྱས་དང་མཇལ་ནས་གཅོད་ཀྱི་གདམས་པ་ཐོབ། སྐྱོ་སྟོན་བསོད་ནམས་བླ་མ་ལའང་གཅོད་ཞུས། སྐབས་ཤིག་ལ་རྒྱ་གར་པ་ཐོད་པ་འབབ་རེ་བྱ་བ་དང་བཟའ་མི་བྱས་ཏེ་སྲས་གསུམ་དང་སྲས་མོ་གཉིས་བྱུང་། སྐུ་ཚེ་སྨད་ལ་ཟངས་རི་མཁར་མར་ཕུ་སོགས་སུ་སྒྲུབ་པ་མཛད། སློབ་མ་གྲུབ་ཐོབ་ཕོ་མོ་ཉི་ཤུ་རྩ་གཅིག་བྱུང་།

    གཅོད་ཀྱི་ངོ་བོ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ལྷག་པར་དུ་མདོ་སྡུད་པ་ཡིན་པར་ངེས་ལ་ཁྱད་པར་དུ་གཅོད་ཀྱི་ཉམས་ལེན་གྱི་རྒྱུ་བཞི་དང་ལྡན་ལ། དང་པོ། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་དང་། གཉིས་པ། བྱམས་སྙིང་རྗེ་བྱང་ཆུབ་སེམས་པ་སྒོམ་པ་སྟེ། དེ་གཉིས་ཞི་གཅོད་ཀྱི་ཉམས་ལེན་དངོས་གཞི་ཡིན། གསུམ་པ། ལམ་གྱི་རྩ་བ་བཤེས་གཉེན་བརྟེན་པ་དང་། བཞི་པ། སྐྱབས་འགྲོ་ཚོགས་ཞིང་ཡན་ལག་བདུན་པ་མཎྜལ་དབུལ་བ(དེ་གཉིས་ནི་ཉམས་ལེན་གྱི་སྔོན་འགྲོ་ཡིན)རྣམས་ཡིན་ལ་དེ་འདྲའི་རྒྱུ་བཞི་དང་ལྡན་པའི་ཆོས་འདི་དག་བདུད་བཞིས་ཐུབ་པར་དཀའ་བ་དང་། གཅོད་ཀྱི་གདམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཉམས་ལེན་སྲིད་ཞིའི་རྒུད་པ་འཇོམས་པའི་སྟོབས་དང་ལྡན་པར་བསྟན་ནོ། མདོར་ན། བྱམས་སྙིང་རྗེ་དང་། སྟོང་པ་ཉིད་ཀྱི་ལྟ་བ་བསྒོམས་པ་དེ་དངོས་གཞི་ཡིན། ལུགས་འདི་པ་རྣམས་ནི་དུར་ཁྲོད་དང་། མ་མོའི་ཁྱིམ། དབེན་གནས་སོགས་སུ་མཚན་མོར་ཉམས་སུ་བླངས་ན་བོགས་ཐོན་པ་བཤད་ལ། ཐོག་མར་བློ་སྦྱངས་ཏེ་དུས་སུ་སླེབས་ན་ལུས་དངོས་སུ་བྱིན་པ་ལའང་འཇིག་སྐྲག་མི་སྐྱེ་བ་ཡིན། གཅོད་ལུགས་འདི་གྲུབ་མཐའ་ཀུན་ལ་དར་ཁྱབ་ཆེ་ཞིང་ཕྱིས་སུ་རང་རང་གི་གྲུབ་མཐའ་ལྟ་བ་སྒོམ་ཚུལ་ཅི་རིགས་སུ་བཤད་པའང་ཡོད་དོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།