[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་བསྟན་བཅོས།
  • དོར་ཞི་རིན་པོ་ཆེས་མཛད་པའི་ཆང་གི་དགག་ཡིག་དུག་སྡོང་གཅོད་པའི་སྟ་རེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ དོར་ཞི་རིན་པོ་ཆེས་མཛད།    |    སྤེལ་དུས།   2017-04-18

    དུག་གསུམ་རྩལ་འབྱིན་དུག་གི་ཉིང་ཁུ་ལ།། 

    དུག་ཏུ་མི་སེམས་དུག་སླད་འཁྲུལ་ཤེས་ཀྱིས།། 

    དུག་ལ་སྤྱོད་ཅིང་དུག་གིས་བརླགས་མཐོང་ནས།། 

    དུག་སྐྱོན་བགྲངས་ཏེ་དུག་ངན་དགག་ལ་སྤྲོ།། 

    དུག་ཆེན་སྐབས་འགར་ནད་ལ་ཕན་སྲིད་ཀྱང་།། 

    དུག་གི་རང་བཞིན་ཤེས་ནས་བསྟེན་ཤེས་དགོས།། 

    དུག་ངན་རང་དགར་སྤྱོད་པའི་ནད་པ་དེ།། 

    དུག་གིས་མྱོས་པ་མིན་ཡང་སྨྱོན་པ་རེད།། 

    དུག་སྡོང་གྲིབ་བསིལ་ཚད་ཆེན་སྐྱོབ་པ་བཞིན།།  

    དུག་གི་ནུས་པས་དགའ་བདེ་འཁྲུལ་སྣང་འཆར།།  

    དུག་གི་ཞལ་སྐྱེམས་སྐབས་འགར་མཁོ་ན་ཡང་།།  

    དུག་ཁུ་བདུད་རྩིར་འཛིན་པ་གླེན་པའི་ཕུལ།།  

    དུག་ཆང་གནོད་ཚབས་ཆེ་བའི་མྱོང་འགྱུར་ལ།།  

    དུག་ཟས་བསྟེན་རྣམས་ཅི་སྟེ་འདང་མི་རྒྱག།   

    དུག་འདིས་ཆོས་པ་རྣམས་ཀྱི་སྡོམ་པ་ཉམས།།  

    དུག་འདིས་སྲིད་དོན་སྒྲུབ་རྣམས་སྲིད་ཁྲིམས་འགལ།།   

    དུག་འདིས་དབང་ཐང་ཅན་གྱི་དབང་ཆར་འཆོར།།

    དུག་འདིས་སྙན་གྲགས་ཅན་གྱི་སྙན་པ་འགོག།  

    དུག་འདིས་བློ་གསལ་སྐྱེས་བུའི་ཤེས་རིག་འགྲིབ།།  

    དུག་འདིས་ཞི་དུལ་བག་ཡོད་གཤིས་བཟང་ལད།།  

    དུག་འདིས་དཔའ་བོའི་མཚོན་ཆ་ས་ལ་འབྲུལ།།   

    དུག་འདིས་འཆལ་གཏམ་བརྡོལ་བས་དོན་རྣམས་བརླགས།།  

    དུག་འདིས་ཚིག་རྩུབ་མཚོན་སྤྲོས་གཞན་སེམས་གནོད།།

    དུག་འདིས་རྙིང་སྐྱུག་རུལ་དྲིལ་གཞན་སྐྱུག་ལྡོག།

    དུག་འདིས་ལུས་ཟུངས་ཟད་དེ་འདྲེ་ལྟར་འགྱུར།།   

    དུག་འདིས་ནད་བརྒྱ་བསྐྱེད་ཅིང་ཚེ་སྲོག་གཅོད།།   

    དུག་འདིས་གཉེན་བཤེས་རྩ་ལག་འཁོན་ཞིང་འགྲས།།  

    དུག་འདིས་བཟའ་ཁྱིམ་བཟང་པོ་འཁྲུགས་ཤིང་འཐོར།།  

    དུག་འདིས་དཔོན་དང་ཡུལ་མིས་ཁྲེལ་ཞིང་སྡང་།།   

    དུག་འདིས་སྤྱོད་ངན་ལ་ཞུགས་ཁྲིམས་ཆད་ཕོག།

    དུག་འདིས་ཁྲེལ་དང་ངོ་ཚའི་རྒྱན་དང་བྲལ།།   

    དུག་འདིས་མགྲོན་གྲལ་བཞག་པ་ཁྱི་གྲལ་འཕེན།།  

    དུག་འདིའི་ཉེས་སྐྱོན་མང་བས་བརྗོད་མི་ལང་།།

    དུག་འདི་ལག་མེད་སྤྱོད་པར་ག་ལ་རུང་།།  

    དུག་ལ་དགའ་བའི་ཡིད་དབང་སྐྱོན་ཅན་རྣམས།།   

    དུག་ཁུར་སྐྱོན་བརྗོད་གཏམ་འདིར་མི་དགའ་ཡང་།།   

    དུག་མིན་སྒྲུབ་བྱེད་ཡང་དག་ཡོད་རེ་ཀན།།   

    དུག་ངན་བག་མེད་སྤྱོད་པའི་སྙིང་མེད་རྣམས།།  

    དུག་ཆུས་བརླགས་ལ་སྙིང་གིས་མ་བཟོད་ནས།།  

    དུག་སྡོང་གཅོད་པའི་སྟ་རེ་རྣོ་ངར་ཅན།།   

    དུག་རྩད་འདོན་ཕྱིར་འཕྱར་མཁན་དོར་ཞིའོ།།   

    ཞེས་པ་འདི་ཡང་1978ལོར་དཔའ་རིས་མཆོད་རྟེན་ཐང་གི་ཉེ་འདབས་ཉལ་འགྲོ་ཟུང་གི་འགྲམ་དུ་བྲིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།