[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་དང་འཇིག་རྟེན།
  • བོད་ཀྱི་ཕྱྭ་གཡང་རིག་གནས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-26

    བོད་མི་རིགས་ནི་རིག་གནས་ཆེ་ཆུང་ཡན་ལག་དང་བཅས་པ་ཕུན་སུམ་ཚོགས་པོ་མངའ་བའི་མི་རིགས་ཤིག་ཡིན་པ་དང་། ལྷག་དོན་དུ་འཛམ་གླིང་ཐོག་ནང་ཆོས་རིག་གནས་རྩ་ཟབ་སྡོང་བརྟན་དུ་གནས་ཡུལ་ཞིག་ཡིན་པས། ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཁྱབ་ཁོངས་ཀྱི་མ་ལག་ཕོན་ཆེན་ཞིག་ད་ལྟ་གནས་དང་གནས་མུས་ཡིན་ཞིང་། དེ་དག་གི་ཁྲོད་ནས་ཕྱྭ་དང་གཡང་ལ་འཛིན་པའི་བསམ་བློའི་འདུ་ཤེས་ཧ་ཅང་ཟབ་མོ་ཡོད་པས་སྐྱིད་སྡུག་ལེགས་ཉེས་གང་གི་དུས་སུ་ཡང་ལག་ལེན་བྱེད་པ་མ་ཟད། རྣམ་ཀུན་གྱི་འཚོ་བའི་ཁྲོད་དུ་ཡང་ཤུགས་རྐྱེན་ཆེན་པོ་ཡོད།

    ཕྱྭ་གཡང་ཞེས་པ་ནི་ཚེ་དང་། བསོད་ནམས། གྲཌ་པ། རིགས་རྒྱུད་སོགས་གང་ལ་ཡང་ཁྱབ་པས་ཚེ་རིང་པོ་འདོད་པ་རྣམས་ལ་ཚེ་གཡང་དང་། བསོད་ནམས་ཅན་ལ་ནོར་གཡང་། སྙན་གྲགས་ཅན་ལ་གྲགས་གཡང་། རིགས་རྒྱུད་འཕེལ་བར་བུ་ཡི་གཡང་སོགས་མདོར་ན་འཇིག་རྟེན་འདིའི་ལེགས་པའི་ཕྱོགས་ཐམས་ཅད་ཚང་མ་ལ་གཡང་དུ་ངོས་འཛིན་གྱི་པས་དེ་མ་ཚང་ན་ཆོ་གར་བརྟེན་ནས་ཚུར་འགུགས་ཐབས་བྱེད་པ་ལ་ཕྱྭ་གཡང་འགུགས་པ་ཞེས་འབོད་ཀྱི་ཡོད། ཕྱྭ་གཡང་འགུགས་པའི་ཆོ་ག་ནི་དང་ཐོག་བོན་ཆོས་ནས་བྱུང་བ་ཡོངས་གྲགས་ཡིན་ཞིང་། ལོ་རྒྱུས་ཐོག་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང་ཚན་གཡང་ཤེས་ཕྱྭ་བོན་གྱིས་གཡང་སྒྲུབ་བྱེད་སྲོལ་བཏོད་པ་དང་། ཕྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བོན་ཆོས་བསྣུབས་སྐབས་ཀྱང་གཡང་ཆོས་སོགས་ཕན་ཐོགས་ཆེ་བའི་རིགས་འགའ་ཞིག་བཞག་ནས་ནང་དོན་སངས་རྒྱས་ཆོས་ལུགས་དང་མཐུན་པར་བྱས་པ་གྲགས། ཕྱྭ་གཡང་འགུགས་པའི་ཆོ་གའི་སྲོལ་བཏོད་ནས་ད་བར་མི་ལོ་སྟོང་ཕྲག་སོང་ཡོད་རུང་། བོད་མི་རིགས་ཀྱི་བྱ་བ་ཆེ་ཕྲ་ཚང་མ་དེའི་ཆོས་ཉིད་དང་དམ་པོར་བསྟུན་དགོས་པ་ནི་རིག་གནས་ཀྱི་སྣང་ཚུལ་སྲ་བརྟན་ཞིག་ཡིན་ལ་ཟློག་ཏུ་མེད་པའི་གོམས་གཤིས་ཤིག་ཀྱང་ཡིན་པ་ནི་ད་བར་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་གྲ་མ་ཆག་པ་དང་གྲུ་མ་ཉམས་པར་གནས་དང་གནས་བཞིན་ཡོད།

    གཡང་རྟེན་དང་གཡང་རྫས།

    བོད་ཀྱི་དགོན་སྡེ་དང་ཁྱིམ་ཚང་གི་རྒྱལ་སྒོའི་ནང་ངོས་སུ་སོག་པོ་སྟག་ཁྲིད་དང་ཨ་ཙ་ར་གླང་ཁྲིད་འབྲི་བའི་ནོར་བུས་བརྒྱན་པའི་གླང་ཆེན་ཁྱིམ་ལ་ཕྱོགས་དོན་ནི་ཕྱྭ་གཡང་ནང་ལ་འགུག་པའི་མཚོན་དོན་ཡིན་པ་དང་ད་དུང་དགོན་སྡེ་དང་མི་ཚང་ཆེ་ཁག་ཚང་མར་དམིགས་བསལ་གྱི་དངོས་པོ་རེ་གཉིས་རྩ་བ་ཆེན་པོས་ཉར་ཚགས་བྱས་ཏེ་གཡང་རྟེན་བྱེད་ཀྱི་ཡོད། དངོས་པོ་དེ་དག་ནི་ཡིན་གཅིག་རིན་ཐང་ཆེ་བའི་དངོས་པོ་ཡིན་པའི་ངེས་པ་མེད་པར་ཡོང་ཁུངས་ལ་བལྟོས་ནས་རྩ་ཆེའི་རིན་ཐང་མངོན་གྱི་ཡོད། དེ་ཡང་དངོས་པོ་དེ་དག་ནི་ནོར་ལྷའི་དངོས་གྲུབ་ལས་བྱུང་བར་གྲགས་པ་སོགས་ཁག་གཅིག་ཕུད། སྔོན་བྱོན་གྱི་སྐྱེས་བུ་དམ་པ་དང་ཡང་ན་ཁྱིམ་ཚང་སྒེར་ཡིན་ཕྱིན་མི་རྒྱུད་ཀྱི་ཚེ་རིང་བ་དང་བསོད་ནམས་སྙན་གྲགས་ཅན་གྱི་མེས་པོས་སྤྱོད་མྱོང་བའི་དངོས་རྫས་ཉར་ཚགས་བྱས་ནས་དེ་དག་གི་ཕྱྭ་གཡང་དང་བསོད་བདེ་བསོད་ནམས་མུ་མཐུད་གནས་ཐབས་བྱེད་པ་ཞིག་ཡིན། ཡང་ཁྱིམ་ཚང་ལ་ལས་གཡང་བུམ་ནང་གཡང་རྫས་བྱུར་བུར་གཏམས་ནས་གཡང་འགུགས་ཀྱི་ཆོ་ག་བྱས་རྗེས་ཁྱིམ་གྱི་སྦུག་དུ་བཞག་ན་ཕྱྭ་གཡང་མི་ཉམས་པའི་ངོས་འཛིན་བྱེད་པ་ཡིན། ད་དུང་མི་ལ་ལས་གསེར་ཊམ་སོགས་ཅུང་རིན་ཐང་ཆེ་བ་དང་ལོ་རྒྱུས་རིང་བའི་དངོས་པོ་དག་སྦ་ཁུག་སོགས་ཀྱི་ནང་ཉར་ཚགས་བྱས་ནས་སྤྱིར་ན་བེད་སྤྱོད་མ་བཏང་བར་དངུལ་སོགས་འབེལ་པོ་ཡོང་བའམ་སྤྱོད་ཤེད་ཆེ་བའི་འདུན་པ་འཆང་གི་ཡོད། ད་དུང་བོད་མིས་སྐེ་ལ་གཡུ་འདོགས་རྒྱུར་དགའ་པོ་བྱེད་པ་དེ་ཡང་དོན་སྙིང་གཞན་ཞིག་གི་ཐོག་ནས་བཤད་ན་བླ་གཡུ་ཞེས་དོན་དུ་ཚེ་གཡང་གི་འཁོར་རྟེན་ཞིག་ཡིན། གཡང་གི་ངོས་ནས་གླེང་ན་མི་གཡང་དང་། ཕྱུགས་གཡང་། ནོར་གཡང་སོགས་ཅི་ཡང་ངོས་འཛིན་བྱེད་སྲོལ་ཡོད་ཅིང་། དཔེར་ན་མི་གཡང་ཤོར་ན་མི་ཤི་ཡོང་བ་དང་བུ་མོ་མང་པོ་སྐྱེ་བའི་ངོས་འཛིན་བྱེད། དེར་བརྟེན་བག་མ་གཏོང་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ལ་གཟའ་སྐར་ལ་ནན་པོ་བསྟུན་ནས་གཡང་མ་ཤོར་བ་བྱེད་དགོས་པ་ལྟ་བུ་དང་། ཕྱུགས་གཡང་ཉམས་ན་ཕྱུགས་ལ་གོད་ག་ཆེན་པོ་ཡོང་བས་སྒོ་ཟོག་སེམས་ཅན་རང་དགར་ཕྱིར་ཚོང་བྱས་ན་ཕྱུགས་གཡང་ཉམས་པའི་ཉེན་ཁར་བརྩིས་ནས་གཟའ་ཚེས་ལྟ་བ་དང་། གལ་ཏེ་གཟའ་ཚེས་ལེགས་པོ་མེད་རུང་ཡིན་གཅིག་ཕྱིར་གཏོང་དགོས་ན་གཡང་འགུགས་ཀྱི་ཆོ་ག་བྱས་རྗེས་གཏོང་གི་ཡོད། ཁྱད་པར་དུ་འབྲོག་ཁུལ་གྱི་ཕྱུགས་ཟོག་ཕྱིར་ཚོང་བྱེད་སྐབས་གཡང་ལེན་པ་ཞེས་ཚོང་བྱའི་ཕྱུགས་ཟོག་གི་ལུས་ཐོག་ནས་བལ་སྤུ་ཅུང་ཙམ་བཏོགས་ནས་རང་ཁྱིམ་གྱི་གཡང་ཁུག་ནང་བླུགས་ཏེ་ཕྱུགས་གཡང་མ་ཤོར་བ་བྱེད་ཀྱི་ཡོད། དེ་དང་ཕྱོགས་མཚུངས་རིན་ཐང་ལྡན་པའི་བཅའ་དངོས་ཕྱི་རོལ་དུ་ཁྱེར་སྐབས་ཀྱང་གཡང་ཤོར་མི་ཡོང་བའི་རྩ་དོན་སྲུང་དགོས་པ་ནི་གཡང་རྟེན་དེ་དག་གི་ཕྱིར་དུ་ཁྱིམ་གྱི་ཕྱྭ་གཡང་ཕྱི་རོལ་དུ་མི་གྱར་བ་དམིགས་ཡུལ་དུ་འཛིན་པ་དེ་ཡིན།

    མདོར་ན་གཡང་རྟེན་ནི་མི་ཕྱུགས་དང་། རྒྱན་གོས། ནོར་རྫས་ལོངས་སྤྱོད། ས་ཁང་ས་གཤིས། བཅའ་དངོས་སོགས་གང་ལའང་བརྟེན་ཅིང་གནས་སྲིད་པ་ངོས་འཛིན་པ་ཡིན། གཡང་རྫས་ནི་འབྲུ་སྣ་ལྔ་དང་། གསེར་དངུལ་སོགས་རིན་ཆེན་རིགས། ལུག་ཤ་ལག་གཡས་དང་ཕྱེ་མར་ཆང་ཕུད། དེ་མིན་མདའ་དར་དང་ཁ་བཏགས་སོགས་ཀྱང་གཡང་རྫས་ཁྱད་པར་ཅན་ཞིག་ཡིན།

    ལེགས་ཉེས་བྱ་བ་ཀུན་ལ་ཁྱབ་པ།

    བོད་མིའི་བྱ་བ་ལེགས་ཉེས་ཀུན་ལ་གཡང་གི་འདུ་ཤེས་འཛིན་སྟངས་ནན་པོ་ཡོད་སྟབས་དབུས་དང་གཙང་གི་ཁུལ་དུ་འོང་སྐོར་གཏོང་སྐབས་ལག་ཏུ་མདའ་དར་འཁུར་བ་དང་རྒྱབ་ཏུ་ཆོས་དཔེ་དང་ཆོས་རྫས་ཁུར་ནས་འོང་ཁར་སྐོར་བ་རྒྱག་པ་ནི་ལོ་ཏོག་ལ་གཡང་བཀུག་ནས་སད་སེར་གྱི་གནོད་པ་མེད་པར་ལོ་ལེགས་ཕུན་སུམ་ཚོགས་པོ་ཡོང་ཆེད་ཡིན་པ་དང་། ལྷག་དོན་ལོ་འབྲས་ལེགས་པའི་ཞིང་ཁ་ནས་ལོ་ཏོག་ཉུང་ཤས་གཡང་རྟེན་དུ་བཏོགས་ནས་ཐབ་ཀྱི་འཁྲིས་སུ་འཇོག་བའམ་ཡང་ན་མཆོད་གཤོམས་གྱི་སྟེང་དུ་བཞག་ནས་ལོ་གསར་གཏོང་སྐབས་ཕྱེ་མར་འབོ་ལ་གཟེར་ཡས་བྱེད་ཀྱི་ཡོད། ལྷག་དོན་ལོ་གསར་སྐབས་ཀྱི་ལུག་མགོ་སྒྲིག་སྲོལ་སོགས་སྒྲིག་གཤོམ་མང་པོ་ཞིག་ལོ་གསར་པའི་གཡང་འཁོར་རྟེན་ཡིན་པ་དང་། གད་ཕྱིས་མི་རྒྱག་པར་གཡང་སྒོ་ཕྱིར་མ་དོན་པ་བྱེད་པ། ཁ་ནས་ཀྱང་བཀྲ་ཤིས་ཤིས་ཚིག་ཁོ་ན་བརྗོད་དགོས་པར་མི་རྣམས་ཀྱིས་ཁ་གཡང་སྒྲོག་པ་ཞེས་བརྗོད་ཀྱི་ཡོད་ལ། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་ཁ་ཤས་ཀྱིས་ལོ་གསར་ཚེས་གཅིག་ཉིན་བཀྲ་ཤིས་བརྩེགས་པ་དང་ནོར་ལྷ་གཡང་སྐྱབས་སོགས་གཡང་སྒྲོག་བྱས་ནས་ལོ་གསར་པའི་ཕྱྭ་གཡང་འགུཌ་ཐབས་བྱེད་ཀྱི་ཡོད།

    གཉེན་སྒྲིག་རྟེན་འབྲེལ་ནི་དེ་བས་ཀྱང་མི་གཡང་ཁྱིམ་དུ་ལོན་པར་བརྩིས་ནས་ལས་དང་བྱ་བ་ཚང་མ་ཕྱྭ་གཡང་འགུགས་ཐབས་ནས་མནོ་བསམ་གཏོང་དགོས་པ་དང་། ལྷག་དོན་གནའ་མ་མག་པའི་གོང་བའམ་སྐེད་པར་མདའ་དར་གཟེར་བ་དང་རྟེན་འབྲེལ་ཉིན་ལུག་ཤ་མགོ་སྦྱར་འཁུར་སྲོལ་དར་བ་དེ་ཡང་བཀྲ་ཤིས་པ་དང་གཡང་འཁོར་བའི་རྟེན་ལས་མ་འདས། བོད་རིགས་ས་ཁུལ་དུ་བཀྲ་ཤིས་པའི་ལས་ལ་གཡང་གི་འདུ་ཤེས་ནན་པོ་འཛིན་དགོས་པ་མ་ཟད། ཕུང་པོ་དུར་སྐྱེལ་སོགས་བྱ་བ་ལ་ཡང་གཡང་གི་འདུ་ཤེས་ཟབ་མོ་ཡོད། དེ་ཡང་ཆུང་ས་ནས་བཤད་རུང་། གཤིན་པོའི་བགོ་སྐལ་དུ་བསྐུར་རྒྱུའི་གྱོན་གོས་སོགས་གཙང་མ་དཀྲུས་ནས་བསྐུར་བ་ལས་དྲེག་པ་ཡོད་པའི་གྱོན་པ་བསྐུར་ན་གཡང་ཤོར་ཡོང་བའི་རྣམ་རྟོག་བྱེད་པ་དང་། གཟའ་སྤེན་པ་སོགས་གཡང་གཟར་ཕུང་པོ་འདྲེན་གཏོང་མི་བྱེད་པ། ཕུང་པོ་ནང་ནས་ཐོན་སྐབས་ཁྱིམ་ཚང་དེ་ནས་མི་ཞིག་གིས་ལག་ཏུ་མདའ་དར་ཁྱེར་ནས་གཡབ་མོ་བྱས་ཏེ་ཁ་ནས་ཀྱང་ཁྱེད་ཀྱི་དཔལ་དང་རྒྱན་ཁུར་ཅིག ང་ཡི་ཕྱྭ་དང་གཡང་བཞོགས་ཤིག་ཟེར་ནས་ཕུང་པོའི་རྗེས་སུ་གཡང་མི་ཤོར་བ་བྱེད་རྒྱུ་དེ་ཡིན། ལྷག་དོན་དུ་བག་མ་གཏོང་ལེན་དང་། སྒོ་ཕྱུགས་ཕྱིར་ཚོང་། ཕུང་པོ་དུར་སྐྱེལ་སོགས་ཚང་མར་དཀར་ནག་རྩིས་ཀྱི་གཞུང་ལས་ཕྱྭ་གཡང་འགུགས་པའི་ཆོ་ག་སྒྲུབ་དགོས་པ་བབས་ན་ངེས་པར་དུ་སྒྲུབ་ཐབས་བྱེད་ཀྱི་ཡོད། བོད་མི་རིགས་ཀྱི་ཁྲོད་དུ་གཡང་གི་རིག་གནས་གཏིང་ཟབ་དར་ཡོད་རྐྱེན་དབུས་དང་གཙང་ཁུལ་སོགས་སུ་རྣམ་ཀུན་གྱི་བྱ་སྤྱོད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དཔེར་ན། ཕྱི་དྲོ་གད་ཕྱིས་མི་རྒྱག་པ་དང་། ཁྱིམ་གྱི་སྦུག་ནས་ཅ་དངོས་ཕྲག་འཁྱེར་མི་རྒྱག་པ་དང་གནད་ཆེའི་དངོས་པོ་ཁང་པའི་མདོར་འཇོག་ཙམ་བྱེད་པ་ལས་ཤར་རྒྱག་མི་འཁུར་བ་སོགས་ཚང་མ་ནི་ཕྱྭ་གཡང་རིག་གནས་ཀྱི་རྩ་འཛིན་ལས་ཐོན་པ་ཤ་སྟག་ཡིན།

    བོད་དུ་ཕྱྭ་གཡང་རིག་གནས་ཀྱི་ལོ་རྒྱུས་རིང་པོ་ཡོད་སྟབས་དམངས་ཁྲོད་སྒྲུང་གཏམ་མང་པོ་ཞིག་གི་ནང་གཡང་དང་འབྲེལ་བའི་གཏམ་རྒྱུད་མཚར་ལ་དངར་བ་མང་པོ་ཡོད། ལྷག་དོན་བོད་ཀྱི་དམངས་སྲོལ་གཅེས་བསྡུས་སུ་འབོད་པའི་གླིང་སྒྲུང་གི་ནང་དུ་ཡང་ཕྱྭ་གཡང་གི་སྐོར་མི་ཉུང་བ་ཞིག་འཁོད་ཡོད་པ་དཔེར་ན། གེ་སར་གྱི་ཡུམ་འགོག་བཟའ་མ་གཞིས་ཟིན་སྐབས་སྐལ་བར་རྒོད་མ་གཅིག་དང་། བ་མོ་གཅིག མ་མོ་གཅིག འབྲི་མོ་གཅིག ར་མ་གཅིག་བཅས་བཞི་བྱིན་པ་དེ་ཕྱི་རབས་སུ་ཡང་ཡང་གླེང་བའི་བུ་མོས་གཞིས་ཟིན་པའི་རྟེན་འབྲེལ་དུ་གཡང་གི་ར་བ་སྒོ་བཞི་ཟེར་བའི་གཏམ་དེ་བྱུང་བ་དང་། གླིང་རྗེ་གེ་སར་གྱི་ནུ་བོ་རོང་ཚ་དམར་ལེབ་ནི་གླིང་གི་མི་གཡང་ཡིན་པ་ཧོར་ལ་ཤོར་སྟབས་མི་གཡང་ཤོར་ནས་དེ་ཕྱིས་ཀྱི་ཧོར་གླིང་གཡུལ་འགྱེད་ནང་དཔའ་རྟུལ་བཅུ་གསུམ་ཤོར་ཚུལ་འཁོད་ཡོད་པ། ཡང་གདོང་གི་ཆོས་འཕེན་ནག་པོར་ལྷ་རྨ་རྒྱལ་སྦོམ་རས་གནང་བའི་གཡང་གི་སྒྱེ་མོ་ནུ་དགུ་བྱ་བ་འདོད་དགུ་འབྱུང་བའི་བང་མཛོད་ཅེས་པའི་གཡང་སྒྱེ་དང་རྐང་མགྱོགས་ཀྱི་དངོས་གྲུབ་བསྒྲུབས་ནས་འགྲོ་འདུག་གང་ཡང་ནུས་པའི་ལྕང་དཀར་བེར་ཀ་ཞེས་པ་དེ་སྟག་རོང་ཁྲོ་ཐུང་རྒྱལ་པོས་སྒོམ་པ་ར་ཙར་སྤྲུལ་བའི་ཇོ་རུ་རྒྱལ་པོར་ཕུལ་སྟབས། དུས་དེ་ནས་བཟུང་ཇོ་རུ་རྒྱལ་པོས་གཡང་སྒྱེ་སྒལ་པར་འཁུར་བ་དང་ལྕང་དཀར་བེར་ཀ་བཅིབས་ནས་འགྲོ་དོན་སྣ་ཚོགས་མཛད་ཚུལ་འཁོད་ཡོད་ལ། ཕྱིས་གླིང་རྗེ་གེ་སར་རྒྱལ་པོས་ལྷོ་འདུལ་བྱང་འཐབ་ཀྱི་རྫོང་ཆེན་རྫོང་ཕྲན་མང་པོ་འབེབས་སྐབས་ཀྱང་གཡང་གི་དངོས་གྲུབ་མང་པོ་དྲངས་ཚུལ་འཁོད་ཡོད།

    གཡང་སྒྲུབ་ཀྱི་ཆོ་ག་སྣ་ཚོགས།

    བོད་ས་ཁུལ་དུ་ཕྱྭ་གཡང་གི་རིག་གནས་དར་སྤེལ་ཤུགས་ཆེན་ཕྱིན་ནས་སྟོན་པ་ཤཱཀྱ་ཐུབ་པས་ལྷའི་བུ་ནོར་བུ་ལྷ་ལ་གནང་བའི་ནོར་ལྷ་གཡང་སྐྱབས་སོགས་གཞུང་ཆེ་ཁག་ནང་འཁོད་པའི་རིགས་དང་། བོད་རྒྱུད་ནང་བསྟན་གྱི་ས་དགེ་རྙིང་གསུམ་རིས་སུ་མ་ཆད་པའི་གྲུབ་མཐའ་ཚང་མར་སོ་སོའི་ལུགས་དང་མཐུན་པའི་གཡང་སྒྲུབ་བྱེད་སྲོལ་སྣ་ཚོགས་དར་ཡོད། ད་དུང་གསེར་འོད་གཡང་སྐྱབས་དང་། བཀྲ་ཤིས་གཡང་འབོད། གཡང་སྒྲུབ་སྲིད་ཞིའི་དྭངས་བཅུད་སྡུད་པའི་ནོར་བུ་སོགས་གྲངས་མེད་དར་ཡོད། གཡང་སྒྲུབ་བྱེད་སྐབས་མི་ནོར་ཟས་སོགས་སྤྱི་ཡི་གཡང་སྒྲུབ་བྱེད་ཚུལ་དང་གང་ཉམས་དེ་སྒྲུབ་ཀྱི་གཡང་སྒྲུབ་བྱེད་ཚུལ་བྱེ་བྲག་པའང་ཡོད། གཞན་ཡང་ནོར་ལྷར་ངོས་འཛིན་པའི་ནོར་རྒྱུན་ལྷ་མོ་དང་། རྣམ་སྲས། གནོད་སྦྱིན་ཛམ་བྷ་ལ་སོགས་ཀྱི་སྒྲུབ་ཐབས་དང་མཆོད་སྟངས་མང་པོ་ཡོད་ལ་སྤྱིར་བཏང་གི་བསངས་མཆོད་སོགས་ཀྱི་ནང་དུའང་གཡང་འགུགས་ཀྱི་ནང་དོན་མང་པོ་ཡོད། དེ་དག་སྤྱིར་ན་སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར་སྤྱད་ཡོད་པ་དཔེར་ན་གཡང་འགུགས་ལྷ་རྫས་ལྕགས་ཀྱུ་ལས། འདོད་རྒུ་འཕེལ་བའི་ཕྱྭ་གཡང་ཁུག ཚེ་རིང་ནད་མེད་ཕྱྭ་གཡང་ཁུག མངའ་ཐང་སྙན་གྲགས་ཕྱྭ་གཡང་ཁུག བཀྲ་ཤིས་དགེ་མཚན་ཕྱྭ་གཡང་ཁུག་ཅེས་པ་ལྟ་བུ་རེད།

    མདོར་ན། གཡང་ནི་གོམས་སྲོལ་ཞིག་དང་། རིག་གནས་ཤིག རྩོམ་རིག་ཅིག་བཅས་ཀྱི་ཐོག་ནས་བོད་ས་མཐོར་ཡུན་རིང་དར་ཁྱབ་བྱུང་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བོད་ཀྱི་དམངས་སྲོལ་དང་། ལོ་རྒྱུས། ཆོས་ལུགས། རིག་གཞུང་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིར་འཛིན་པ་ནི་ལོ་རྒྱུས་རིང་བའི་ཕྱྭ་གཡང་རིག་གནས་ལ་མངའ་བའི་དེང་གི་རིན་ཐང་དེ་ཡིན་ནོ། (ཆུང་བདག་གིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།