[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་དང་འཇིག་རྟེན།
  • ངན་པ་དགུ་འཛོམས་ཇི་ལྟར་བྱུང་ཚུལ།

  • ཡོང་ཁུངས།   མདོ་མཛངས་བླུན་ལས།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-05

    བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་དང་བདུན་གཉིས་ཀྱི་ཆུ་ཚོད་48ཀྱི་ནང་གི་ཆུ་ཚོད་24རིང་ངན་པ་དགུ་འཛོམས་ཡིན་པ་དང་།  དུས་ཚོད་དེར་ངན་པ་དགུ་འཛོམས་ཞེས་ཟེར་ཞིང་།  སྤྱིར་དུས་ཚོད་དེའི་ནང་ཁ་སྨྲས་གླེང་གཞིའི་ཟས་མི་ཟ།  རྒྱལ་བའི་གསུང་མི་སྒྲོགས།  དངོས་པོ་ཕྱིར་མི་གཏོང་།  ཁྱེད་ལ་ངན་པ་དགུ་འཛོམས་ན་ང་ལ་བཟང་པོ་བཅུ་འཛོམས་ཞེས་ཡོངས་ཁྱབ་ཏུ་ཤོད་སྲོལ་ཡོད་པ་མ་ཟད།  དེ་སྔ་ཡིན་ན་དུས་ཚོད་དེའི་ནང་ལས་ཁུངས་ཡོངས་རྫོགས་ངལ་གསོ་དང་། སྒེར་དོན་དུ་ཕྱིར་འགྲོ་ཡང་མི་བྱེད་པར་རང་རང་གི་འཁོས་འབྱོར་ལ་གཞིགས་ཏེ་དགའ་ཉེ་བློ་དཀར་རྣམས་ཕན་ཚུན་མགྲོན་འབོད་དང་འབྲེལ་ཁྱིམ་ཚང་སོ་སོའི་ནང་ཤོ་སྦག་སོགས་རྩེད་འཇོར་རོལ་བའམ་གཞས་དང་ཞབས་བྲོ་བརྒྱབ་སྟེ་ཞིམ་མངར་རོ་བཅུད་ལྡན་པའི་ཟས་དང་ཇ་ཆང་གི་བཏུང་བ་བཟང་པོར་ལོངས་སུ་སྤྱོད་དེ་གང་དགའ་སྐྱིད་སྐྱིད་ངང་སྡོད་པ་ལས་དེ་མིན་གྱི་བྱ་བ་ལེགས་ཉེས་གང་ཡང་མི་བྱེད་དོ།

    ངན་པ་དགུ་འཛོམས་ཞེས་པ་འདི་ཇི་ལྟར་བྱུང་ཚུལ་ཐད་སྒྲུང་ཞིག་ཡོད་པ་དེ་ནི་མདོ་མཛངས་བླུན་ལས་སྔོན་གྱི་དུས་སུ་ཁྱིམ་བདག་དབྱིག་པ་ཅན་ཞེས་བྱ་བ་ལ་གཞན་གྱི་གླང་བོར་བ་དང་།  གཞན་གྱི་རྟའི་རྐང་བ་བཅག་པ།  ཐ་ག་པའི་སྟེང་དུ་མཆོངས་ནས་ཐ་ག་པ་ཤི་བ་སོགས་ཉིན་གཅིག་ལ་ཇུས་ཉེས་ཐེངས་དགུ་བྱུང་ནས་ཁྲིམས་ལ་ཐུག་པ་དང་། ཐར་རྒྱལ་པོ་ཐབས་ལ་མཁས་པས་ཁོ་ཉེས་པ་ཀུན་ལས་ཐར་བ་མ་ཟད།  གསེར་ཡང་བརྙེས་པ་སོགས་ཀྱི་ལོ་རྒྱུས་ཡོད་པས་ངན་པ་དགུ་འཛོམས་པའི་རྗེས་སུ་བྱ་བ་བཟང་པོ་བྱུང་བས་ན་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཞེས་བརྗོད་པ་དང་།  གོང་གསལ་ཚེས་ཆ་དེར་བྱ་བ་སྒྲུབ་པར་འགྲོ་མི་ཉན་པར་བཤད་པའོ།   ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཉིན་མཚན་གཅིག་གི་རིང་ལ་ས་བདག་ངན་པ་ཉིན་མ་ནག་ཆེན་དང་། དེ་མིན་ས་བདག་ངན་པ་གཞན་བརྒྱད་པོ་བཅས་མཉམ་དུ་འཁེལ་རྒྱུ་ཡིན་པས་དུས་ཚོད་ངན་ཤོས་ཤིག་ཡིན་ཞེས་ཀྱང་གསལ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།