[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • དགོན་སྡོད་ལས་དོན་གྱི་འགན་འཁྲི་ལྕི་ལ་གཟི་བརྗིད་དང་ལྡན་པ་ཞིག་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གར་རི་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཚེ་གཡང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    སྤྱི་ལོ་2011ལོའི་ལོ་མཇུག་ཏུ། རྩ་འཛུགས་ཀྱིས་གུས་མོ་དགོན་སྡེའི་ལས་དོན་ལེགས་འགྲུབ་བྱེད་པར་མངགས་གཏོང་བྱས་པས། གཟི་བརྗིད་ལྡན་པའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཞིག་བྱེད་རྒྱུ་བྱུང་། ལོ་དྲུག་རིང་དགོན་སྡེར་བཅའ་སྡོད་བྱས་པའི་ལས་དོན་གྱི་ཁྲོད་དུ། གུས་མོས་དགོན་པ་ནི་རང་གི་སྐྱིད་སྡུག་མྱོང་སའི་ཁྱིམ་ཚང་དང་བཙུན་མར་རང་གི་སྙིང་ཉེ་བའི་གྲོགས་མོའི་འདུ་ཤེས་འཛིན་ནས། ངལ་བ་ཁྱད་བསད་དང་འགན་འཁྲི་གཙང་སྒྲུབ་ཀྱི་ཐོག་ནས་སློབ་གསོ་དང་། དོ་དམ། ཞབས་ཞུའི་འགན་ནུས་ཆེན་པོ་གསུམ་ནན་ཏན་གྱིས་བསྒྲུབས་ཡོད་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དགོན་སྡེ་དོ་དམ་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀའ་བཀོད་ཁག་མཐའ་གཅིག་ཏུ་ལག་བསྟར་བྱས་ཡོད།

    ཡིད་ཆེས་བརྟན་པོས་འགན་འཁྲི་ཕྲག་ཏུ་ཁུར་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ལེགས་ཉེས་དབྱེ་འབྱེད་ཀྱི་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ། ཀུན་སྤྱོད་ཀྱི་བྱང་ཚད་ཡག་པོ་བཅས་ནི་དགོན་སྡེར་བཅའ་སྡོད་ལས་བྱེད་པར་ཚང་དགོས་པའི་རེ་བ་ཨང་དང་པོ་དེ་ཡིན་ལ། ང་ཚོར་ཚོད་བགམ་ཆེན་པོ་བྱས་པ་ཞིག་ཀྱང་ཡིན། ལོ་དྲུག་གི་རིང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་སྐོར་ལ་དོ་དམ་བྱེད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱས་ཡོད་ལ། སྔ་ཕྱི་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། འགན་འཁྲིར་མི་གཡོལ་བ་དང་དཀའ་ངལ་ལ་ཞུམ་པ་མེད་པའི་བླང་བྱ་གཞིར་བཟུང་། ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་ཁུར་ཐུབ་པ། ས་སྲུང་གི་འགན་འཁྲི་སྒྲུབ་ཐུབ་པ་བཅས་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་དགག་རྒྱག་གཏིང་ཟབ་དང་མཐའ་གཅིག་ཏུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་བཅད་དེ། མཐའ་གཅིག་ཏུ་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། དར་ཆ་གསལ་འདོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཡོད། ལོ་དྲུག་གི་རིང་། ང་ཚོས་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་ལམ་ཕྱོགས་ཁག་སློབ་སྦྱོང་ནན་ཏན་བྱས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་ཤེས་བྱ་སློབ་སྦྱོང་བྱས་ཏེ། དགོན་སྡེ་དོ་དམ་བྱེད་པའི་རིག་གཞུང་ཆུ་ཚད་དང་རྙོག་འཛིང་གི་རྣམ་པ་ཐག་གཅོད་བྱེད་པའི་ལས་ཀའི་འཇོན་ཐང་ཆེ་རུ་བཏང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་གདེང་ཚོད་དང་གདིང་ཤུགས་ཇེ་ཆེར་བཏང་སྟེ། དོ་དམ་བྱེད་ཕོད་པ་དང་། དོ་དམ་གནད་འཕིགས་པ། དོ་དམ་བྱེད་ཤེས་པ་བཅས་བྱས་ཡོད།

    མི་སེམས་གཅིག་སྒྲིལ་གྱིས་ནུས་ཤུགས་གོང་བུར་སྒྲིལ་བ། ལོ་དྲུག་གི་རིང་། ང་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ། ཏང་དང་སྲིད་གཞུང་གིས་གནང་བའི་གཟིགས་སྐྱོང་དང་ཐུགས་ཁུར་དག་གྲྭ་བཙུན་མི་རེ་ངོ་རེའི་སེམས་ངོས་སུ་འཕྲོ་ཐུབ་པ་བྱས་ཡོད། ང་ཚོ་གར་རི་དགོན་པར་ཆ་བཞག་ནས་ཞུས་ན། ད་ལྟའི་ཆར་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་བ་དང་། བཙུན་མ་རྣམས་དཀར་གཙང་སྤྱོད་གོ་ཆེ་བའི་གྲྭ་ཤག་ཏུ་སྡོད་རྒྱུ་བྱུང་ཡོད་ལ། གྲྭ་ཤག་ཚང་མར་གློག་ཡོད་ཅིང་ཡན་ལག་བརྒྱད་ལྡན་གྱི་འཐུང་ཆུ་དང་། ཉི་ནུས་ཀྱི་ལམ་སྒྲོན། སྲུང་སྐར་གྱི་བརྙན་འཕྲིན་བཅས་ཡོད་པའི་ཐོག སྨན་བཅོས་དང་། རྒན་གསོ། མི་ལུས་ཀྱི་ཐོལ་བྱུང་བར་ཆད་སེལ་བའི་འགན་བཅོལ་བཅས་ཡོངས་སུ་ཁྱབ་ཡོད་ཅིང་དབུལ་ཕོངས་ཀྱི་གྲྭ་བཙུན་ལ་མ་མཐའི་འཚོ་བ་འགན་སྲུང་ཡང་ཡོད། ལོ་དྲུག་གི་རིང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྒྲུབས་ཏེ། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་ནས། མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་བྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ཁ་གསལ་བཤད་ཐོག ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དང་བོད་ཕུང་ཆོས་དཀྲུག་གི་ངན་ཇུས་ལ་ངོས་འཛིན་གསལ་པོ་ཡོང་བར་ཁྲིད་སྟོན་བྱས་ཡོད། ལྷག་པར་དུ་2017ལོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། གར་རི་དགོན་པའི་བཙུན་མའི“འདུ་ཤེས་བཞི”སྔར་བས་གོང་མཐོར་ཕྱིན་ཡོད་ལ“མོས་སེམས་ལྔའི”བསམ་བློའི་འཁྱེར་སོར་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད། བཙུན་མས་རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་འདུན་དེ་བས་ཆེ་རུ་ཕྱིན་ཡོད། ལོ་དྲུག་གི་རིང་། ང་ཚོས་བཙུན་མ་རྣམས་དང་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་གཏུགས་བྱས་ཏེ། ཁོང་ཚོར་བསམ་བློའི་ཐད་ཁྲིད་སྟོན་དང་། བརྩེ་སེམས་ཐད་ཉེ་འབྲེལ། འཚོ་བའི་ཐད་སེམས་ཁུར་བྱས་ནས་ཁོང་ཚོའི་བསམ་ཚུལ་ཤེས་རྟོགས་དང་དོགས་ཆར་སེལ་རོགས་བྱས་ཡོད། ཡང་སྒོས་སུ་ཁོང་ཚོར་རིག་གནས་གསབ་ཁྲིད་འཛིན་གྲྭ་གཉེར་ཏེ་རྒྱ་བོད་སྐད་ཡིག་དང་། ཚན་རྩལ་ཤེས་བྱ། བདེ་ཐང་ཤེས་བྱ་སོགས་བསླབས་པ་མ་ཟད། སྨན་པ་བསྟེན་རོགས་སོགས་བྱས་ཡོད། ང་ཚོས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་པས་བཙུན་མ་རྣམས་ཀྱིས་ང་ཚོ་ནི་ཡིད་ཆེས་དང་བློས་འགེལ་ཆོག་པའི་དགའ་ཉེ་སྤུན་མཆེད་ལ་བརྩི་ཞིང་། ཏང་དང་སྲིད་གཞུང་གི་དགོན་ཕན་གྲྭ་ཕན་སྲིད་ཇུས་ཡག་ལ། གུང་ཁྲན་ཏང་གིས་མངགས་པའི་བཅའ་སྡོད་ལས་བྱེད་ཡག་ཅེས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་བཞིན་ཡོད།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་པ། དགོན་སྡེར་བཅའ་སྡོད་ལས་ཀ་ནི་ལས་འགན་ལྕི་ལ་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པས། དགོན་སྡེར་བཅའ་སྡོད་བྱེད་པའི་ལོ་དྲུག་གི་རིང་། ང་ཚོས་བློ་རྩ་སྔར་བས་བརྟན་པ་དང་། ཀུན་སྤྱོད་སྔར་བས་ལེགས་པ། ནུས་པ་སྔར་བས་གོང་མཐོར་བཏང་བ། གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་བཏང་ཡོད། མ་འོངས་པའི་ལས་ཀའི་ནང་། གུས་མོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ། དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ་ཚོ་མིག་དཔེར་འཛིན་ནས། དགོན་སྡེར་བཅའ་སྡོད་ལས་དོན་སྒྲུབ་རིང་འགན་འཁྲི་ཡག་པོ་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་བཅངས་བ་དང་། སྔར་བས་སྤྲོ་སེམས་ཆེར་བསྐྱེད་དང་སྔར་བས་ངར་ཤུགས་ཆེར་བསྐྱེད། སྔར་བས་སྤྱོད་ལམ་བཟང་པོའི་ཐོག་ནས། སྙིང་རུས་ཅན་གྱི་རྡོ་ལ་ཨི་ཁུང་འབིགས་པ་ལྟར་དགོན་སྡེའི་དོ་དམ་དང་། ཞབས་ཞུ། སློབ་གསོའི་ལས་དོན་ཁག་གཏིང་ཟབ་ཅིང་ཞིབ་ཚགས་པའི་སྒོ་ནས་བསྒྲུབ་རྒྱུ་ཡིན་ལ། ཆོས་ལུགས་ཞི་མཐུན་དང་བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དང་སྲིད་གཞུང་གིས་ང་ཚོར་བཅོལ་བའི་ཐུགས་རེ་དང་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།