[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན།

    ​ མངའ་རིས་ས་གནས་རྩ་མདའ་རྫོང་མཐོ་ལྡིང་དགོན་གྱི་བཀྲ་ཤིས་ཆོས་འཕེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    2011ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་སྤེལ་ཏེ། དགོན་པར་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ་མངགས་གཏོང་བྱས་ནས་སྔ་རྗེས་སུ་དགོན་སྡེར“ཡོད་པ་དགུ”དང་། “གཅིག་རེ་དྲུག” “གསར་གཏོད་གཅིག” “ཁྱབ་པ་གཅིག”སོགས་དགོན་སྡེ་དང་དགེ་འདུན་པར་ཕན་པའི་སྲིད་ཇུས་ཁག་ལག་བསྟར་གནང་བའི་ཁར། གྲྭ་ཤག་ཉམས་བཟོའི་ལས་གྲྭ་དང་དགོན་སྡེའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་དོན་འཁྱོལ་བྱས་སྟབས། དགེ་འདུན་པའི་སྒོམ་སྒྲུབ་དང་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ང་ཚོ་དགེ་འདུན་པ་ཡོངས་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན། བསམ་ཡུལ་ལས་འདས་པའི་གནོད་འཚེ་ཐོན་པའི་ལུས་རྟེན་འགན་བཅོལ། ལོ་ལྟར་གཟུགས་པོ་བརྟག་དཔྱད་བྱེད་པར་རིན་སྤྲོད་མི་དགོས་པའི་ཐོག བདེ་ཐང་ཡིག་ཚགས་བཟོས་གནང་བ། ལྷག་པར་དུ་དགེ་འདུན་པ་ནད་གཞིས་རྐྱེན་པས་ས་གནས་དང་ལྷ་ས་སོགས་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་པར་བསྐྱོད་དགོས་སྐབས། དགོན་སྡེར་བཅའ་སྡོད་ལས་བྱེད་པས་འཕྲལ་མར་རླངས་འཁོར་བཀོད་སྒྲིག་དང་སྨན་ཁང་ལ་འབྲེལ་བ་བྱས་ཏེ་ཞབས་ཞུ་གང་ལེགས་སྒྲུབ་པ་དང་རོགས་རམ་གང་ཐུབ་ཅི་ཐུབ་གནང་གི་ཡོད་པས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། རྒྱ་ཆེའི་དགེ་འདུན་པ་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།

    གུས་པར་2013ལོའི་ཟླ་9པ་ནས་2015ལོའི་ཟླ་7པ་བར་བོད་ལྗོངས་ནང་བསྟན་སློབ་གླིང་མདོ་ཚན་ཁག་ཏུ་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་པོ་ཐོབ་ཅིང་། 2017ལོའི་ཟླ་7པར་སློབ་གྲྭ་ཐོན་ནས་མཉེས་ཐང་ཚོགས་རམས་པའི་མཚན་གནས་ཐོབ་བྱུང་། དུས་སྐབས་གསར་པའི་ནང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཚར་ལོངས་བྱུང་བའི་དགེ་འདུན་པ་ཞིག་གི་ངོས་ནས་གུས་པའི་སེམས་ནང་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་དགོན་སྡེའི་སྒྲིག་སྲོལ་དང་སྡོམ་ཁྲིམས་ནན་སྲུང་བྱེད་དགོས་པ་མ་ཟད། དེ་བས་ཀྱང་རྒྱལ་གཅེས་ཆོས་གཅེས་དང་། བྱམས་སྙིང་རྗེ་སྒོམ་པ། སྡིག་སྤོངས་དགེ་སྒྲུབ། ཐོས་བསམ་དོན་གཉེར། རྒྱལ་སྐྱོང་འགྲོ་ཕན་བཅས་བྱེད་དགོས་ངེས་རེད་སྙམ་གྱི་འདུག

    གཅིག ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ།

    གུས་པས་སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུ་རྒྱུ་དེ་གལ་ཆེན་པོར་བརྩིས་ནས། གུང་ཁྲན་ཏང་གིས་མ་གཏོགས་དེང་གི་བོད་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་མི་ཐུབ་པ་དང་གུང་ཁྲན་ཏང་གིས་མ་གཏོགས་བོད་མི་དམངས་རྣམས་ལ་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་མི་ཐུབ་པའི་དད་སེམས་བརྟན་པོ་བཅངས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་དང་སྤྱི་དམངས་ཀྱི་འོས་འགན་ཧུར་ཐག་བསྒྲུབས་པ་དང་། ཉིན་ལྟར་དུས་ཐོག་ཏུ་གསར་འགྱུར་མཉམ་བསྒྲགས་བལྟ་བ་དང་། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུའི་གནས་ཚུལ་ཆ་ཚང་བལྟ་ཉན་བྱས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། མཐའ་མཚམས་འཐབ་ས་དང་པོར་གནས་པའི་སྤྱི་དམངས་ཤིག་གི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་སེམས་ལ་བརྟན་བཅངས་ཀྱིས་མེས་རྒྱལ་གྱི་རྩྭ་རྩི་ཤིང་ཚུན་ཆད་བརྟན་སྲུང་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་མངའ་ཁོངས་སྲུང་སྐྱོང་བྱེད་མཁན་ཞིག་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱ་རྒྱུ་ཡིན།

    གཉིས། དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་ལས་ཀ་ཧུར་ཐག་བསྒྲུབས་པ།

    ཆོས་ལུགས་ཁྱབ་ཁོངས་ནང་ཞི་མཐུན་བརྟན་ལྷིང་ཡོང་ཆེད་གུས་པས་རང་འགུལ་ངང་དགོན་པའི་གྲྭ་བཙུན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། གོང་རིམ་གྱི་མཛུབ་ཁྲིད་དགོངས་དོན་དང་མངའ་རིས་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་བྱས་ནས། ཚང་མར་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་བརྒྱུད་རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཐོག རང་རྟོགས་ངང་དོ་དམ་དང་བཀོད་སྒྲིག་ལ་དང་ལེན་ཞུས་ཏེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཐུབ་པ་བྱུང་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་གུས་པས་སློབ་སྦྱོང་ནང་ཧུར་ཐག་ཞུགས་པ་མ་ཟད། རང་འགུལ་ངང་མངའ་རིས་ས་གནས་ཀྱི་ཆོས་ལུགས་ཁྱབ་ཁོངས་དང་འབྲེལ་ཡོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞི” “སྣང་ཆེན་ལྔ་དང་། བལྟ་བ་ལྔ། བྱེད་པ་ལྔ” “རྒྱལ་གཅེས་ཆོས་གཅེས”བཅས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཤམ་སྤེལ་བྱེད་སྒོའི་ནང་སྒྲོག་འགྲེལ་པ་ཞིག་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྡོམ་ཁྲིམས་དང་བསྟན་དོན་དང་ཟུང་འབྲེལ་དང་། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དང་ཟུང་འབྲེལ། རང་གི་ཉེ་འགྲམ་གྱི་བྱ་བ་དང་ཟུང་འབྲེལ་བཅས་བྱས་ཏེ་དད་ལྡན་མང་ཚོགས་ལ་ལས་བརྩོན་དངོས་སྒྲུབ་དང་། མཐུན་སྒྲིལ་ཡར་ཐོན། ཤེས་དཔལ་ཡིད་རྟོན། ཚན་རིག་ལ་ཡིད་ཆེས་བྱེད་དགོས་པ་བཅས་ཀྱི་དགེ་མཚན་ལྡན་པའི་ཤེས་དཔལ་ཡར་ཐོན་གྱི་བསམ་བློ་དྲིལ་བསྒྲགས་བྱས་པ་དང་། དད་ལྡན་མང་ཚོགས་རྣམས་ལ་ལས་ལ་བརྩོན་ཞིང་བདེ་སྐྱིད་འཚོ་བ་བསྐྱལ་རྒྱུའི་གནས་ལུགས་གསལ་བཤད་བྱས་པ། དད་ལྡན་མང་ཚོགས་ལ་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བའི་ལོ་རྒྱུས་སྒྲོག་འགྲེལ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བའི་ལོ་རྒྱུས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་སོགས་སྒྲོག་འགྲེལ་བྱས་ཡོད།

    གསུམ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བ།

    སྔ་ཕྱི་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། སྲོལ་བཟང་དར་སྤེལ་བཅས་གཏོང་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་དུ་བརྩིས་ཏེ། ནང་བསྟན་གྱི་གཞི་རྩའི་བསྟན་དོན་སེམས་ལ་བཅངས་ཐོག པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ཕྱོགས་སྐུ་ཚབ་པ་མིག་དཔེར་བཟུང་ནས། བློ་རྩེ་གཅིག་སྒྲིམ་གྱིས་ཆོས་ཀྱི་གསུང་རབ་ལ་བརྩོན་ཞིབ་དང་ཐོས་བསམ་ཉམས་ལེན་བྱས་ཏེ་ཆོས་ཀྱི་རྟོགས་པ་དང་ཀུན་སྤྱོད་ཀྱི་བྱང་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་དང་དེར་གོ་བ་བླངས་ཐོག དད་ལྡན་མང་ཚོགས་ལ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ཀྱི་དར་རྟགས་འཕྱར་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བའི་དབར་གྱི་དབྱེ་མཚམས་གསལ་རྟོགས་ཐུབ་རྒྱུར་རོགས་རམ་བྱས་ཏེ། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས“རབ་ཏུ་བྱུང་ཡང་རྒྱལ་གཅེས་མི་བརྗེད་པ་དང་། ཆོས་སྒོར་ཞུགས་ཀྱང་འགྲོ་དོན་སྐྱོང་རྒྱུ་མི་བརྗེད་པའི”གནས་ལུགས་ལག་ལེན་ཐོག་འཁྱོལ་བ་བྱས་ཡོད།

    སླད་ཕྱིན་ངས་ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་འདི་འགོ་འཛུགས་ས་གསར་པར་བརྩིས་ནས། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་པོ་ཕྱེ་ནས། ཏང་དང་སྲིད་གཞུང་ལ་མུ་མཐུད་གཞོགས་འདེགས་ཀྱིས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་ཡག་པོ་བྱེད་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་དྲིན་ལན་འཇལ་ཏེ་བོད་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།