[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྲོག་ཤིང་གི་འདུ་ཤེས་བརྟན་པོ་འཛུགས་དགོས།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་རྭ་སྒྲེང་དགོན་གྱི་སྤྲུལ་སྐུ། རྭ་སྒྲེང་བསོད་ནམས་ཕུན་ཚོགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-04

    སྟོན་པས་བུ་སློབ་ཚོར“རྒྱལ་འཚོང་ནང་རུལ་པ་མི་བྱེད་པ་དང་། རྒྱལ་པོར་བརྩི་བཀུར། ཁྲལ་སྐུངས་མི་བྱེད་པ། རྒྱལ་ཁྲིམས་ལས་མི་འགལ་བ”བཅས་བྱེད་དགོས་ཞེས་བསྟན་ཡོད། རྭ་སྒྲེང་དགོན་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་ཡོད་པ་དང་། རྭ་སྒྲེང་སྤྲུལ་སྐུ་རིམ་བྱོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་རྩའི་དུས་སུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་བྱས་ནས་ཡིན་མིན་ཆེན་པོའི་མདུན་དུ་སྐད་ཆ་ཤོད་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་ཕུལ་ཡོད། རྭ་སྒྲེང་སྐུ་ཕྲེང་ལྔ་པར་གོ་མིན་སྲིང་གཞུང་གིས་བོད་ས་གནས་སྲིད་གཞུང་གི་རྒྱལ་ཚབ་ཀྱི་ཆོ་ལོ་བསྩལ་བ་དང་འབྲེལ། “རྒྱལ་སྐྱོང་བསྟན་དར་གྱི་བླ་མའི”ཆོ་ལོ་ཡང་བསྩལ་ཡོད། རྭ་སྒྲེང་སྐུ་ཕྲེང་དྲུག་པ་སྔ་རྗེས་སུ་པེ་ཅིང་ལ་ཐེངས་གཉིས་ཕེབས་སྐབས་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལེ་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཕྲད་གནང་ཡོད། དུས་རབས་གསར་པར་འཚར་ལོངས་བྱུང་བའི་སྤྲུལ་སྐུ་ཞིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ངས་རྭ་སྒྲེང་སྤྲུལ་སྐུ་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཆབ་སྲིད་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཡིན་མིན་ཆེན་པོའི་མདུན་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་པ། འགན་འཁྲི་འཁུར་ཕོད་པ་དང་། དར་ཆ་གསལ་སྟོན། སྐད་ཆ་ཤོད་ཕོད་པ་བཅས་བྱེད་པ། ནམ་ཡང“ཚད་གཞི་བཞི”ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་མཁན་ཞིག་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་མཐའ་གཅིག་ཏུ་དབྱེ་མཚམས་གསལ་པོ་ཕྱེ་བ། དཀྲོག་གཏམ་མི་ཉན་པ་དང་བསླུ་བྲིད་འོག་མི་ཚུད་པ། ཁྲིམས་འགལ་གྱི་རྩ་འཛུགས་ནང་མི་ཞུགས་པ། ཁྲིམས་འགལ་སྒྲིག་འགལ་གྱི་ལས་མི་བྱེད་པ་བཅས་བྱ་རྒྱུ་ཡིན། བསམ་བློ་བྱ་སྤྱོད་ཐད། རྒྱུན་དུ་ཐོས་བསམ་སྒོམ་ལ་བརྩོན་པ་དང་། གཏམ་སྤྱོད་གཅིག་མཐུན། རང་རྟོགས་ངང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། བསྟན་དོན་འདུལ་ཁྲིམས་ཐད་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འགྲེལ་པ་རྒྱག་པ། རིམ་ཁག་ཏང་ཨུད་སྲིད་གཞུང་དང་། དེ་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ་སྡིག་ཉེས་གསོག་མི་འཇུག་པ་དང་། གཞན་ལ་གནོད་མི་སྐྱེལ་བ། དགེ་བའི་ལས་སྒྲུབ་རྒྱུར་ཁྲིད་སྟོན་བཅས་བྱ་རྒྱུ་ཡིན་ལ། སྤྱི་དམངས་ཡག་པོ་དང་སྤྲུལ་སྐུ་ཡག་པོའི་ནུས་པ་འདོན་སྤེལ་གྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།