[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་དང་སེ་ར་དགོན་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-04

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་དུས་སུ། ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་འབྲས་སྤུངས་དགོན་དང་། ལྷ་ལྡན་གཙུག་ལག་ཁང་། བར་སྐོར། ར་མོ་ཆེ་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་སོགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། ཁོང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ནན་དུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་སྒོར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ལས་དོན་ཁག་གི་སྙན་སེང་གསན་རྗེས་ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་གྲྭ་བཙུན་བཅས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ལྗོངས་ཡོངས་སུ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱེད་པ། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་བཀུར་དང་འགན་སྲུང་གང་ལེགས་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་སེ་ར་དགོན་དུ“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།

    བརྟག་ཞིབ་གནང་རིང་། ཏིང་ཡེ་ཤན་གྱིས་ཕེབས་ཞོར་དུ་གསན་གཟིགས་གནང་ནས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་དང་། ཁོར་ཡུག་བཅོས་སྐྱོང་། རིག་དངོས་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཏིང་ཡེ་ཤན་གྱིས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་སྐོར་གྱི་སེ་ར་དགོན་གྱི་སྙན་སེང་དང་དགེ་འདུན་པའི་འཐུས་མིའི་སྤེལ་རེས་གཏམ་བཤད་གསན་ཏེ། སེ་ར་དགོན་གྱིས་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་ལས་དོན་ལ་དོ་དམ་བྱ་རྒྱུ་ཚད་ལྡན་དུ་བཏང་བ། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་། རྒྱ་ཆེའི་གྲྭ་བཙུན་ཚོས་ཆོས་ལུགས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ། སྡོམ་ཁྲིམས་བསྟན་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་དང་། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་བཅས་ཀྱི་འགྲེལ་བཤད་རྒྱག་དགོས། སྐབས་རིམ་བྱུང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་མིག་དཔེར་འཛིན་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྡོམ་ཁྲིམས་ནན་ལ་ཆོས་སྲོལ་བཟང་བ། དཔེ་ཆར་རྩེ་གཅིག་ཏུ་གཞོལ་བ། སྒོམ་སྒྲུབ་ཉམས་ལེན་ཧུར་ཐག་བཅས་བྱེད་དགོས་པ་དང་། “ཚད་གཞི་བཞི”བརྩི་སྲུང་ཞུ་ཡུལ་དང་ཕྱོགས་སྟོན་གཙོ་བོར་བརྩིས་ནས་མི་དམངས་ཀྱི་གཙོ་འཛིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲང་བ་དང་། ཉེ་བར་བཅར་བ། བརྩི་བཀུར་ཞུ་བ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ཐུབ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཚོད་འཛིན་གང་ཐུབ་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱ་ཆེའི་དགེ་འདུན་པ་ཚོས་དད་ལྡན་མང་ཚོགས་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ནས་སྔ་བར་ཕྱི་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་ཕྱོགས། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བཅས་ཀྱི་ཆེད་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།