[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་སྟེ་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཆིབས་བསྒྱུར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-21

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་སྐྱོང་བའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཡོངས་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཟླ་9ཚེས་18ཉིན་པེ་ཅིང་དུ་ཆིབས་བསྒྱུར་གནང་བ་རེད། མཛད་འཕྲིན་ཁག་སྐྱོང་རིང་པཎ་ཆེན་རིན་པོ་ཆེར་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དད་གུས་དང་སྙིང་དབུས་ནས་གོང་བཀུར་ཐོབ་པ་མ་ཟད། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་གདེང་འཇོག་བཟང་པོ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་རེད།

    པཎ་ཆེན་རིན་པོ་ཆེ་འདི་ལོའི་ཟླ་6ཚེས་11ཉིན་བོད་དུ་ཆིབས་བསྒྱུར་གནང་ནས་སྔ་རྗེས་སུ་ལྷ་ས་དང་། གཞིས་རྩེ། མངའ་རིས། ནག་ཆུ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བསྐྱངས་ཡོད། ཟླ་བ་བརྒྱད་པའི་ཟླ་དཀྱིལ་ནས་བཟུང་པཎ་ཆེན་རིན་པོ་ཆེས་གཞིས་རྩེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་མུ་མཐུད་བསྐྱངས་ཡོད།

    ཟླ་8ཚེས་19ནས་24ཉིན་བར་པཎ་ཆེན་རིན་པོ་ཆེ་སྐྱིད་གྲོང་རྫོང་གི་རྫོང་དགའ་ཆོས་སྡེ་དགོན་དང་། སྒྲོལ་མ་ལྷ་ཁང་། འཕགས་པ་དགོན། རྗེ་བཙུན་མི་ལ་རས་པའི་འཁྲུངས་ཡུལ། བྲག་དཀར་རྟ་སོ་སོགས་སུ་ཆིབས་བསྒྱུར་གནང་ནས་གནས་གཟིགས་དང་ཕྱག་མཆོད་གནང་བ་དང་འབྲེལ། གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད། དེའི་རིང་པཎ་ཆེན་རིན་པོ་ཆེ་སྐྱིད་གྲོང་གྲོང་རྡལ་རྟ་དམག་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ་དང་མར་དཀར་གྲོང་ཚོར་ཕེབས་ནས་མི་རིགས་མཐུན་སྒྲིལ་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་བརྟག་ཞིབ་གནང་བ་རེད།

    ཟླ་9ཚེས་10ཉིན་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་གླེང་སྟེགས་སྐབས་བཞི་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ཏེ་བསམ་བློ་དང་འདུ་ཤེས་ཁྲོད་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། འབྱུང་འགྱུར་གྱི་ལྟ་བ་བཅས་འཛུགས་དགོས་པ་དང་། དུས་རབས་གསར་པའི་བསྟན་དོན་དགོངས་འགྲེལ་གྱི་མ་ལག་བཙུགས་ཏེ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ལ་དགོངས་འགྲེལ་གསར་པ་རྒྱག་པའི་ནང་རང་འགུལ་ངང་ཞུགས་ནས་མ་ལག་ཅན་གྱི་དུས་རབས་གསར་པའི་སློབ་ཁྲིད་ཀྱི་རྩ་གནད་གྲུབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པ། བགྲོ་གླེང་ཚོགས་འདུའི་གྲུབ་འབྲས་དེ་བཀའ་ཆོས་གནང་བའི་བརྗོད་བྱའི་སྙིང་པོར་བསྒྱུར་བ་དང་རྒྱུན་གཏན་གྱི་བཀའ་ཆོས་ཁྲོད་ཁྱབ་པར་བྱས་ཏེ་ཐུན་མོང་ཐོག་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་གྱི་རིགས་པའི་གཞུང་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་དུས་རབས་ཀྱི་ལས་འགན་མཉམ་དུ་ལེགས་གྲུབ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    གཞིས་རྩེར་ཞུགས་རིང་པཎ་ཆེན་རིན་པོ་ཆེས་བསམ་གྲུབ་རྩེ་ཆུས་བ་སོ་དགོན་དང་ཧའོ་དགོན་དང་དེ་བཞིན་ངམ་རིང་ཆོས་སྡེ་དགོན་སོགས་སུ་གནས་གཟིགས་ཕྱག་མཆོད་དང་། བཀའ་ཆོས། ཕྱག་དབང་སོགས་གནང་ཡོད། ཞལ་མ་གྱེས་གོང་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་གཙོ་བོར་གནས་གཟིགས་ཀྱང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།