[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན་བཟོ་གྲྭ
  • དུས་རབས་གཅིག་གི་བགྲང་བྱའི་འཕོ་འགྱུར་ཁྲོད་། སྨན་རྩིས་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲེངས་།

    —— བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་བགྲང་བྱ་བརྒྱ(1916—2016)འཁོར་བར་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-14

    p60.jpg

    ཚན་ཞིབ་ནུས་པ་གོང་ནས་གོང་དུ་སྤེལ།

    རུས་ནད་སྡེ་ཁག་དང་བུད་མེད་སྡེ་ཁག་སོགས་ནད་ཐོག་སྡེ་ཁག་6ལ་རྒྱལ་ཁབ་ཀྱི་སྨན་རྫས་ནད་ཐོག་ཚོད་ལྟའི་སྒྲིག་གཞིའི་ནུས་བབ(GSP)ཐོབ་ཅིང་། སྨན་ཁང་གི་མི་ཆོས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་ལ་འཛམ་གླིང་ཀྲུང་གོ་མཉམ་འབྲེལ་གསོ་རིག་མི་ཆོས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་འོས་ཐོབ་བདེན་དཔང་ཚད་ལོན་བྱུང་ཡོད། ནད་ཐོག་ཕན་འབྲས་མཐོར་འདེགས་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་བོད་ལུགས་གསོ་རིག་ནད་ཐོག་ཞིབ་འཇུག་ལས་འགོ་གཉེར་ཞིང་། བོད་ལུགས་གསོ་རིག་གི་གསོ་བཅོས་ལེགས་ཆ་ལྡན་པའི་ནད་རིགས་29ཡི་བརྟག་བཅོས་ཇུས་གཞི(ཆེད་ནད་སྡེ་ཁག་གི་གསོ་བཅོས་ལེགས་ཆ་ལྡན་པའི་ནད་རིགས་ཀྱང་ཚུད་ཡོད)གཏན་འཁེལ་བྱས་ཤིང་། སྒྲིག་འཛུགས་ལག་བསྟར་བྱེད་པ་དང་ཆབས་ཅིག་ནད་ཐོག་ཕན་འབྲས་གདེང་འཇོག་གི་ལས་འགོའང་གཉེར་ཡོད། གྲིབ་སྐྱོན་དང་། མཆིན་རྒུད། མཁལ་འགྲམས་སྟོད་བྱེར་སོགས་དོས་དྲག་དང་། ཉེན་ཆེ། ནད་གཞི་ལྕི་བ་གསུམ་དང་བཅོས་དཀའི་ནད་རིགས་ཀྱི་བརྟག་བཅོས་ནུས་རྩལ་མངོན་གསལ་དོད་པོས་མཐོ་རུ་བཏང་བ་མ་ཟད། དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག་སོ་སོའི་ནད་ཐོག་ཕན་འབྲས་ལས་ལེགས་པའི་ཆ་མངོན་བཞིན་ཡོད་མོད། མཆིན་ནད་དང་། ཀླད་ནད། རུས་ནད། ཕོ་རྒྱུ། དཔྱད་བཅོས། བུད་མེད་བཅས་སྡེ་ཁག་6གི་ནད་རིགས་9ཡི་བརྟག་བཅོས་ཇུས་གཞི་ལྗོངས་ནང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ནང་ཁོངས་སུ་ཁྱབ་གདལ་བེད་སྤྱོད་བཏང་ཡོད།《བོད་ལུགས་གསོ་རིག་ནད་རིགས་བརྟག་བཅོས་ཀྱི་ཚད་གཞི》ཞེས་པ་བོད་ལུགས་གསོ་རིག་དོ་དམ་ཅུས་ནས་དངོས་སུ་འགྲེམས་བསྒྲགས་བྱས་ཡོད། གྲིབ་སྐྱོན་དང་། མཆིན་རྒུད། ཕོ་བ་སྨུག་པོ། མཁལ་འགྲམས་སྟོད་བྱེར། མོ་ནད་ཁྲག་ཚབས(བུ་སྣོད་ནང་སྐྱི་རྒྱུན་གཏན་གྱི་གནས་མ་ཡིན་པའི་ནད)སོགས་གཙོ་གནད་ནད་རིགས་ཀྱི་ཞིབ་འཇུག་དཔུང་ཁག་ནི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་ནད་ཐོག་ཞིབ་འཇུག་གི་གཟེངས་སུ་ཐོན་པའི་ཚབ་བྱེད་པར་གྱུར་ཡོད་ཅིང་། ལྗོངས་ཕྱི་ནང་དུ་ཅུང་མཐོ་བའི་རིག་གཞུང་གི་གནས་བབ་བཟུང་ཡོད། བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་རྒན་རབས་ཀྱི་སྨན་ཤོག་བསྡུ་རུབ་ལེགས་སྒྲིག་གི་ལས་དོན་གཉེར་ནས་གཞི་གྲངས་ཀྱི་མཛོད་ཁུག་གསར་དུ་བཙུགས་ཡོད། གཞི་རིམ་དང་དམངས་ཁྲོད་བོད་ལུགས་སྨན་པ་དག་ལས་ཆུ་སྦྱོངས་ཀྱི་གསོ་ཐབས་དང་། ནི་རུ་ཧའི་གསོ་ཐབས། ལྟོ་སྦྱོངས་བསྟེན་ཐབས། རྩ་སྦྱོངས་བསྟེན་ཐབས་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་ཏེ་མཆིན་པའི་ཟགས་ཆུ་དང་། སྨུག་པོ་ཀླད་བྱེར། གཉན་རིམས་མཁྲིས་པ་རྩར་རྒྱུག གྲིབ་སྐྱོན། དེ་བཞིན་མངལ་མི་སྦྲུམ་པའི་ནད་སོགས་བཅོས་རྒྱུར་བེད་སྤྱོད་བྱས་ཏེ་ནད་ཐོག་ཕན་འབྲས་ཆེ་རུ་བཏང་བ་མ་ཟད་ནད་ཐོག་ཕན་འབྲས་ཀྱི་གདེང་འཇོག་ཀྱང་བྱས་ཡོད།

    བོད་སྨན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་།

    བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་ཁང(སྨན་རྩིས་ཁང)གི་བོད་སྨན་ཞིབ་བཟོའི་ལས་དོན་ལ་ལོ་ངོ་320ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་སྨན་ཞིབ་བཟོའི་ལས་དོན་དེ་ཉིད་གཞི་རྒྱ་ཆུང་བའི་སྨན་སྦྱོར་སྡེབ་བཟོའི་ལས་ཀ་ནས་དེང་རབས་ཅན་གྱི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱ་ཚུལ་ལ་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་བོད་ལུགས་གསོ་རིག་སྨན་ཁང་གིས་བོད་སྨན་བཟོ་གྲྭ་གསར་འཛུགས་བྱས་པའི་རྗེས་ལྗོངས་ཡོངས་ཀྱི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཞིང་། སྔ་རྟིང་དུ་སྤང་རྒྱན་བཅུ་པའི་སྦངས་ཁུ་སོགས་བོད་སྨན་སྦྱོར་གཟུགས་དཔེ་གསར་ཁག་ལྔ་ཞིབ་བཟོ་བྱས་པ་མ་ཟད། རྒྱལ་ཁབ་སྨན་རྫས་ཀྱི་ཆོག་མཆན་ཨང་ཀི་ཐོབ་ཡོད་པ་དང་། མུ་ཏིག་བདུན་ཅུ་སོགས་སྨན་སྣ་13རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་རིགས་ཁོངས་སུ་ཚུད་ཡོད། རྒྱལ་ཁབ་རིམ་པའི་ཁེ་བེད་བདག་ཐོབ་མངའ་བའི་བོད་སྨན་བཙོ་ཐལ་ལས་སྣོན་བྱ་ཐབས་ཀྱི་ལག་རྩལ་ལྡན་ཞིང་། སྲོལ་རྒྱུན་གྱི་བོད་སྨན་སྨན་སྣ་55ཙམ་ལ་རྒྱལ་ཁབ་སྨན་རྫས་ཀྱི་ཆོག་ཨང་ཐོབ་ཡོད་པ་དང་། བོད་སྨན་གྱི་ལོ་རེའི་ཐོན་འབོར་དེ་1951ལོའི་སྤྱི་རྒྱ་250ནས་2012ལོའི་ཏུན་94བར་འཕར་སྣོན་བྱུང་ཡོད། སྨན་ཁང་དེའི་ཁོངས་སུ་གཏོགས་པའི་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ཁང་དེ་2012ལོ་ནས་འགོ་བཙུགས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སུ་ལུགས་བསྒྱུར་བྱས་ཤིང་། སྔ་རྗེས་སུ་རྒྱལ་ཡོངས་བོད་སྨན་ཐོན་སྐྱེད་ཀྱི་སྣེ་འདྲེན་ཁེ་ལས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སྐྱེད་སྲིང་བྱས་པ་དང་། “བདུད་རྩི་བོད་སྨན་”ཞེས་པའི་ཀྲུང་གོའི་གྲགས་ཅན་ཚོང་རྟགས་བཏོད་ཅིང་། ལྗོངས་ཡོངས་ཀྱི་ཁེ་བེད་བདག་ཐོབ་བཙོ་ཐལ་གྱི་ཆེད་ཁེ་གསར་དུ་བཏོད་པ་དང་། ལྗོངས་ཡོངས་ཀྱི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ལམ་ལུགས་བསྒྱུར་རྗེས་སྨན་ཁང་གིས་དེ་སྔའི་བོད་སྨན་བཟོ་གྲྭའི་གནས་ཡུལ་དུ་རང་ངོས་ཀྱི་སྨན་སྦྱོར་ལྟེ་གནས་གསར་འཛུགས་བྱས་ཤིང་། ལོ་དེ་གར་སྨན་སྦྱོར་ཐོན་རྫས་175ཙམ་དང་སྨན་སྣ་109ཙམ་སྦྱོར་བཟོ་བྱེད་པ་དང་། བོད་སྨན་ཏུན་40ཙམ་ཟིན་ནས་ནད་ཐོག་སྨན་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱུང་བ་དང་། ནད་ཐོག་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།