[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུའི་རྒྱབ་རོལ་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-14

    “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས——ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་སྐོར་གྱི་ཀྲུང་གོའི་བོད་རིགས་ཀྱི་ཤེས་བྱ་དང་ལག་ལེན”《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང》དུ་ཚུད་པའི་གཏམ་བཟང་དེ་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁ་ནས་གྲགས་ཤིང་། གཏམ་བཟང་འདི་ཡུན་རིང་སྒུག་མཁན་པད་མ་གཡང་སྒྲོན་དང་ཁོང་གི་ཚོགས་པ་དགའ་སྤྲོས་ཡོངས་སུ་མྱོས།

    པད་མ་གཡང་སྒྲོན་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཡིན་ཞིང་། 2015ལོའི་ལོ་མཇུག་ནས་ད་བར་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུའི་ལས་དོན་ལ་ཞུགས་པ་རེད།

    “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པ་དེས། འཛམ་བུ་གླིང་གི་མི་སྔར་བས་མང་བས་བོད་ཀྱི་གསོ་བ་རིག་པར་དོ་སྣང་དང་བོད་སྨན་དང་ལེན་བྱ་སྲིད་པ་མ་ཟད། ད་དུང་འགྲོ་བ་མིའི་རིགས་ཡོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གྲུབ་འབྲས་མཉམ་སྤྱོད་བྱ་སྲིད།

    《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ཀྱི་གཏན་འབེབས་ལྟར། མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་གསུམ་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རེ་ཞུ་ཁག་ལྔར་དབྱེ་ཆོག་སྟེ། གཅིག་ནི་ངག་ཐོག་གི་སྲོལ་རྒྱུན་དང་མཚོན་སྟངས། གཉིས་ནི་འཁྲབ་རྩལ། གསུམ་ནི་སྤྱི་ཚོགས་ལག་ལེན་དང་། ཆོ་ག དུས་སྟོན་བྱེད་སྒོ་བཅས། བཞི་ནི་རང་བྱུང་ཁམས་དང་འཇིག་རྟེན་གྱི་ཁམས་ཆེ་མོ་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན། ལྔ་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་བཅས་ཡིན་ཞིང་། རེ་ཞུའི་རྣམ་གྲངས་ཡིན་ཕྱིན་ངེས་པར་དུ་རྒྱལ་ཁབ་ཀྱི་མིང་གཞུང་དུ་ཚུད་པའི་རྣམ་གྲངས་ཡིན་དགོས།

    “ང་ཚོས་བོད་ཀྱི་གསོ་བ་རིག་པ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་འཇུག་འདོད་ཡོད་ཀྱང་། 《སྤྱི་ཆིངས》ཀྱི་གཏན་འབེབས་ལྟར་ན། དཀའ་ངལ་ཆེན་པོ་འདུག”ཅེས་པད་མ་གཡང་སྒྲོན་གྱིས་བཤད།

    “‘བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས’མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུའི་བརྒྱུད་རིམ་ཧ་ཅང་ཁག་པོ་ཡོད་པ་གཏན་འཁེལ་རྗེས། རིགས་གཅིག་མཁས་ཅན་གྱིས་རིགས་སྒྲུབ་ཁུངས་སྐྱེལ་དང་ཞིབ་བརྟག་ཡང་ཡང་བྱས་མཐར‘བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས’‘ཚེ་སྲོག་དང་། ནད་གཞི། བདེ་ཐང་བཅས་སྐོར་གྱི་ཀྲུང་གོའི་བོད་རིགས་ཀྱི་ངོས་འཛིན་དང་ལག་ལེན’གྱི་ཚུལ་དུ། 《སྤྱི་ཆིངས》ཀྱི་ཁག་བཞི་པའི‘རང་བྱུང་ཁམས་དང་འཇིག་རྟེན་ཁམས་ཆེ་མོ་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན’གྱི་ཤུལ་བཞག་ཁྱབ་ཁོངས་སུ་བཅུག་པས་གཞི་ནས་ད་རེས་ཀྱི་གཏམ་བཟང་འདི་བྱུང་བ་རེད”

    མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུའི་དཔྱད་གཞི་འབྲི་བར་གྲོས་བསྡུར་ཞིབ་ཕྲ་བྱེད་དགོས། གལ་སྲིད་ཞིབ་ཚགས་མ་བྱུང་ཚེ་རེ་ཞུའི་གོ་སྐབས་ཤོར་སྲིད། པད་མ་གཡང་སྒྲོལ་གྱི་ངོས་གསལ་ལ། 2017ལོའི་དཔྱིད་གསར་དུས་ཆེན་རིང་། མི་ཚང་མ་དགའ་སྟོན་ལ་རོལ་སྐབས། བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་སྡེ་ཁུལ་ཁག་གི་མོས་མཐུན་ཡི་གེ་བསྡུ་ཕྱིར་ཁོང་དང་ཁོང་གི་ཚོགས་པ་པེ་ཅིང་སོགས་སུ་ལས་ཀར་བྲེལ། ཁོང་གིས། “ལས་དོན་འདིར་ཞུགས་མཁན་ཚང་མས་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཧུར་བརྩོན་ཆེན་པོ་གནང་བྱུང”ཞེས་བཤད།

    པད་མ་གཡང་སྒྲོན་གྱིས“‘བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས’མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུའི་ལས་དོན་ལམ་ལྷོངས་བྱུང་བ་འདི། རྒྱལ་ཁབ་ཀྱིས་སྐུལ་འདེད་ཤུགས་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད”ཅེས་བཤད།

    པད་མ་གཡང་སྒྲོན་གྱིས། “རེ་ཞུ་བྱེད་རིང་། དམངས་སྲོལ་རིག་པའི་རིགས་གཅིག་མཁས་ཅན་རྒན་འཇམ་དཔལ་རྒྱ་མཚོས་འོས་སྦྱོར་གནང་བ་བརྒྱུད། ‘ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་མཁས་དབང་དང་པོའི’མཚན་སྙན་ཡོད་པའི་རྒན་དཔའ་མི་ཆུབ་མོས་ང་ཚོར་རོགས་རམ་ཆེན་པོ་གནང་བ་མ་ཟད། རེ་ཞུའི་ལས་དོན་གྱི་འགག་རྩའི་སྐབས་སུ་ཡང་། ཁོང་གིས་དངོས་སུ་མཛུབ་ཁྲིད་གནང་བར་བརྟེན་ལས་དོན་ཐ་དག་ལམ་ལྷོང་བྱུང་ཞེས”ཅེས་བཤད།

    “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པའི་གཏམ་བཟང་གངས་ལྗོངས་ས་མཐོར་ཁྱབ་རྗེས། པད་མ་གཡང་སྒྲོན་ལ་རྒན་དཔའ་མོ་ཆུབ་མོས་སྤྲིངས་པའི་འཕྲིན་ཐུང་ཞིག་འབྱོར་བའི་ནང་དུ“རྣམ་གྲངས་རེ་ཞུའི་ཡི་གེ་དེ་ཞིབ་བཤེར་ལས་ཁུངས་ཀྱིས་དཔེ་གཞིར་འོས་སྦྱོར་བྱས་འདུག”ཅེས་བྲིས་ཡོད།

    པད་མ་གཡང་སྒྲོན་གྱིས། “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པ་དེས། བོད་ལུགས་གསོ་རིག་གི་ལས་དོན་པ་ཚོར་མཚོན་ན། འགོ་འཛུགས་ས་གསར་པ་ཞིག་ཡིན་པ་ལས་མིང་ཙམ་ཞིག་མིན་པར་རྒྱུན་འཛིན་དང་དར་སྤེལ་སྔར་བས་ཡག་པོ་ཇི་ལྟར་གཏོང་བ་དང་འགྲོ་བ་མིའི་རིགས་ཡོངས་ལ་བོད་ཀྱི་གསོ་བ་རིག་པའི་ཤེས་དཔལ་ལྡན་པའི་གྲུབ་འབྲས་ལོངས་སུ་སྤྱོད་དུ་ཇི་ལྟར་འཇུག་རྒྱུ་དེ་རེད། “མ་འོངས་པར། ང་ཚོས《བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ལོ་ལྔའི་སྲུང་སྐྱོང་འཆར་གཞི(2019——2023)》ལྟར། འབྲེལ་ཡོད་ཚད་གཞི་བཟོ་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ནང་དོན་སྔོག་འདོན། བརྟག་བཅོས་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ལེགས་བཅོས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་གསུམ་རྩ་འཛུགས་ལ་རེ་ཞུ་བྱེད་སྐབས་ཀྱི་ང་ཚོའི་ཁས་ལེན་བསྒྲུབ་རྒྱུ་ཡིན”ཞེས་བཤད་པ་རེད།

    “ང་ཚོས་ཀྱང‘བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས’ཀྱིས་མཚོན་པའི་བོད་ལུགས་གསོ་རིག་འཛམ་གླིང་ལ་ཕྱོགས་ནས་བོད་མི་རིགས་ཙམ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་ཤིག་གི་ཆ་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་པད་མ་གཡང་སྒྲོན་གྱིས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།