[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ​ ཚན་རིག་དང་མཐུན་པའི་སྨན་རྩྭ་བཏབ། སྨན་གླིང་དུ་སྨན་རྒྱུ་སྣ་ཁ་འཛོམས།

    སྨན་གླིང་རྫོང་གིས་བོད་སྨན་གྱི་སྨན་རྩྭ་ཧུར་ཐག་བཏབ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    གླེང་གཞི།

    སྨན་གླིང་རྫོང་གིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག རིག་གནས་སྣེ་འདྲེན་དུ་བྱེད་པ་དང་། སྨན་རྩྭ་འདེབས་མཁན་ཞིང་པ་བརྟེན་སར་བྱེད་པ། ཚན་ཞིབ་འདེགས་སྐྱོར་དུ་བྱེད་པ། ཁྲོམ་ར་ཁྲིད་སྟོན་དུ་བྱེད་པ། གླིང་ཁུལ་གཞི་རྟེན་དུ་བྱེད་པ། ཁེ་ལས་བྱེད་པོར་བརྩི་བ་བཅས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་ཡོད།

    བོད་སྨན་གྱི་སྨན་རྩྭ“དཔག་བསམ་ཤིང”ལ་གྱུར་པ།

    སྨན་གླིང་རྫོང་ནི་ཚང་མས་ཁས་ལེན་པའི་བོད་ཀྱི་གསོ་བ་རིག་པའི་འབྱུང་གནས་ཡིན་པ་དང་། མིག་སྔར་རྫོང་ཡོངས་སུ་བོད་སྨན་གྱི་སྨན་རྩྭ་འདེབས་ཁྱོན་མུའུ་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་། སྨན་རྩྭའི་སྣ་ཁ་ཡང་གཙོ་བོ་ལྕ་བ་དང་། གཟོང་མཆུ། འདྲེ་དུག སྡོང་ཕུང་སོགས་རེད། ཉེ་བའི་ལོ་ཤས་རིང་སྨན་གླིང་རྫོང་གིས་སྨན་གླིང་གྲོང་རྡལ་དུ་ཀོང་པོའི་བོད་སྨན་གྱི་སྨན་རྩྭའི་གསོ་སྦྱོང་ཚོད་ལྟའི་རྟེན་གཞི་བཙུགས་ནས་ཞིང་འབྲོག་མང་ཚོགས་ལ་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་སྐོར་གྱི་གསོ་སྦྱོང་དང་རི་སྐྱེས་སྨན་རྩྭ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་དང་། སྣ་ཁ་གསར་པ་ནང་འདྲེན་བྱས་ནས་ཚོད་འདེབས། སྤུས་ལེགས་སྨན་རྩྭ་འདེབས་འཛུགས་སོགས་བྱས་པ་དང་འབྲེལ། རྩ་ཆེའི་རི་སྐྱེས་བོད་སྨན་གྱི་སྨན་རྩྭ་སྣ་ཁ་10ལྷག་ཙམ་ཚོད་འདེབས་བྱས་པ་ལེགས་གྲུབ་བྱུང་བ་རེད།

    “དེ་སྔ་རི་སྐྱེས་བོད་སྨན་གྱི་སྨན་རྩྭ་སྔོག་འཐུ་གཙོ་བོར་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ཁྱབ་གདལ་བཏང་བས་མང་ཚོགས་དེ་བས་མང་པོ་དེའི་ནང་ཞུགས་ཡོད། “ང་ལ་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ཀྱི་ཉམས་མྱོང་ཡོད་པས་རྟག་ཏུ་ཚང་མར་མཛུབ་ཁྲིད་བྱེད་པར་འགྲོ་དགོས་ཀྱི་འདུག”ཅེས་སྨན་གླིང་རྫོང་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་འགོ་འཛིན་ཉི་མས་བརྗོད། ཁོང་ནི་བྲེལ་བརྩོན་ཧ་ཅང་ཆེ་བའི་མི་ཞིག་ཡིན་ཞིང་། ཧ་ལམ་ཉིན་ལྟར་ཉེ་འགྲམ་གྱི་གྲོང་རྡལ་དུ་མང་ཚོགས་ལ་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་སྐོར་ལ་མཛུབ་ཁྲིད་བྱེད་པར་སྐྱོད་དགོས་ཀྱི་ཡོད།

    འདེབས་འཛུགས་ནས་ཞིང་ཁའི་བར་དང་། གཞི་ཁྱོན་ཆུང་བའི་ཚོད་འདེབས་ནས་གཅིག་སྡུད་ཡུག་སྦྲེལ་གྱི་ཁྱབ་གདལ་བར། འདེབས་འཛུགས་ཁེར་རྐྱང་དུད་ཚང་ནས་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་སོགས་ཀྱི་བར་སྣ་མང་གཉེར་སྐྱོང་བྱེད་པོའི་འདེབས་འཛུགས་སོགས་བོད་སྨན་གྱི་སྨན་རྩྭ་འདེབས་སྟངས་ལ་འགྱུར་ལྡོག་ཕྱིན་པས། མི་སེར་དེ་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།

    ཚན་རིག་དང་མཐུན་པའི་འདེབས་གསོར་ཐོན་འཕར་བྱུང་བ།

    ཉེ་བའི་ལོ་ཤས་རིང་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་སྨན་བཅོས་ནུས་པ་མི་དེ་བས་མང་པོས་ཤེས་རྟོགས་བྱུང་ནས་བོད་སྨན་ལ་དོ་སྣང་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་ཡོད་པ་རེད། མི་རབས་དང་མི་རབས་བར་བོད་སྨན་གྱི་སྨན་རྩྭ་འཚོང་མཁན་གྱི་སྨན་གླིང་བར་དུས་སྐབས་ཤིག་རིང་ཡོང་འབབ་མང་པོ་བྱུང་ཡོད། ཡིན་ནའང་སྔོག་འཐུ་བྱེད་མཁན་མང་དུ་སོང་བས་རི་སྐྱེས་བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་རིམ་བཞིན་ཉུང་དུ་སོང་ཡོད། དེར་བརྟེན་སྲིད་གཞུང་གིས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་དམིགས་ནས་རི་སྐྱེས་བོད་སྨན་གྱི་སྨན་རྩྭ་སྲུང་སྐྱོང་བྱེད་ཐབས་སྤྱད་པ་དང་སྦྲགས་མི་ཐབས་ལ་བརྟེན་ནས་ཚོད་འདེབས་དང་དཔེ་སྟོན་ཁྱབ་གདལ་བཏང་བ་རེད།

    སངས་རྒྱས་ཆོས་འཕེལ་གྱི་སྒོ་བསྟེན་སྨན་ཁང་ལོ་9ཡི་རིང་གཉེར་སྐྱོང་དང་འཕེལ་རྒྱས་ཕྱིན་པ་བརྒྱུད། ལོ་ལྟར་འོས་འགན་སྨན་བཅོས་བྱས་པའི་ནད་པ་མི་ཐེངས་9000ཡན་ཟིན་པ་དང་ནད་པ་དྲག་སྐྱེད་བྱུང་ཚད་80%ཡན་ཟིན་གྱི་ཡོད། ད་ཆ་སྒོ་བསྟེན་སྨན་ཁང་དེ་རྫོང་ཆུང་ཆུང་དེའི་མི་ཚང་མར་རྒྱུས་མངའ་ཆེན་པོ་ཡོད་ལ་ཉིང་ཁྲི་གྲོང་ཁྱེར་དུའང་སྐད་གྲགས་ཡོད་པ་རེད།

    སྲིད་ཇུས་ཀྱི་རོགས་སྐྱོར་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ།

    མིག་སྔར་སྨན་གླིང་རྫོང་དུ་བོད་ཀྱི་གསོ་བ་རིག་པའི་ཐོན་སྐྱེད་ཁེ་ལས་8དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་2ཡོད་པ་རེད། 《སྨན་གླིང་རྫོང་གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། 2018ལོའི་ལོ་མཇུག་ཏུ་མུའུ་ཁྲི་ཡི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་གཞི་ཁྱོན་ཆགས་ཡོད་པ་དང་། བོད་སྨན་གྱི་སྨན་རྩྭ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། ས་ཁོངས་ཅན་གྱི་བཀོད་ཇུས། གཞི་གཅིག་ཅན་གྱི་གཉེར་སྐྱོང་། ཁེ་ལས་ཅན་གྱི་དོ་དམ་བཅས་རགས་ཙམ་གྲུབ་ནས་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་དང་། བསྡུ་འགྲེམས། ཞིབ་སྤེལ་བཅས་ཀྱི་ལྟེ་གནས་དང་ཤེས་ལྡན་མི་སྣའི་སྤེལ་རེས་ལྟེ་གནས་ཧུར་ཐག་བསྐྲུན་ཡོད་པ་རེད།

    བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྨན་གླིང་རྫོང་གིས་ཆེད་མངགས《བོད་སྨན་གྱི་སྨན་རྩྭ་འདེགས་འཛུགས་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས》བཏོན་ནས་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཞིང་དུད་དང་མཉམ་ལས་རྩ་འཛུགས་རང་བརྟེན་འཕེལ་རྒྱས་གཏོང་རྒྱུར་རྫོང་ནོར་སྲིད་ཅུས་ཀྱིས་མ་དངུལ་ཐད་ནས་རོགས་སྐྱོར་ངེས་ཅན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།